JSW Prayer Book

༅༅། །ཆོས་སྤྱོད་ངག་འདེན་གྱི་རིམ་པ་ཕན་བདེ་ ལམ་བཟང་བཞུགས་སོ།། 


Tuesday Prayer 

རེས་གཟའ་ལྷག་པ་གྱི་ཞལ་ཐུན་རིམ་པ།

 

འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

ༀ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས༑ ༑ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ༑ ༑མཚན་ཙམ་ཐོས་པའི་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན༑ ༑སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་༑ ༑ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི༑ ༑ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་༑ ༑འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ༑ ༑འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག  །ལངས་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང་། །གཡུལ་དུ་ཞུགས་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་བརྩམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཤིང་། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལཟླ་ཚེས་གཟའ་ཉི་མ་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་ཡིད་མཚོ་ལས་བྱུང་བ་ནོར་བུའི་དོ་ཤལ་ཆེན་པོའོ། །མངྒ་ལཾ།།

 
སྐྱབས་གནས་མ་ནམ་སྐོར་བཞི།

མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ༑ ༑བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །

བརྒྱུད་པའི་གསོལ་འདེབས་ནི།        འཇིག་རྟེན་དབང་ཕྱུག་ཐུགས་རྗེའི་རླབས་ཕྲེང་དབུས༑༑རྒྱལ་ཀུན་མཁྱེན་བརྩེའི་འདབ་སྟོང་རྒྱས་པ་ལ། །ཕན་བདེའི་དྲི་བསུང་ཅི་ཡང་སྤྲོ་བའི་གཉེན། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས༑༑མཁྱེན་པས་མ་རིག་མུན་པའི་ཚོགས་འཇོམས་ཤིང་། །བརྩེ་བས་གཞན་དོན་ཡལ་བར་མི་འདོར་བར། །ནུས་པས་བདུད་དཔུང་འཇོམས་བྱེད་ལྷ་ཡི་ལྷ། །ངག་དབང་རྣམ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཁམས་གསུམ་སེམས་ཅན་འཁོར་བ་ལས་སྒྲོལ་ཕྱིར། །འཆི་མེད་རྡོ་རྗེའི་སྐུ་མཆོག་རབ་བརྙེས་ཤིང་། །ཕྲིན་ལས་རྣམ་བཞིས་འགྲོ་བའི་དོན་མཛད་པའི། །ཇི་སྲིད་འཚོ་ཞིང་གཞེས་པར་གྱུར་ཅིག་གུ །   ཡབ་བསྟན་པའི་ཉི་མས་སོ།།   སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ལ། །སྒོ་གསུམ་གུས་པ་ཆེན་པོས་གསོལ་བ་འདེབས༑༑གདོད་མའི་གནས་ལུགས་རང་ངོ་ཤེས་པ་དང་། །ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས། །བླ་མ་སྐུ་ཁམས་བཟང་བར་གསོལ་བ་འདེབས༑༑མཆོག་ཏུ་སྐུ་ཚེ་རིང་བར་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་པར་གསོལ་བ་འདེབས། །བླ་མ་དང་འབྲལ་བ་མེད་པར་བྱིན་གྱིས་རློབས༑༑ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །སྐུ་ཚེ་རྒྱལ་མཚན་བརྟན་གྱུར་ཅིག །ཆོས་རྔ་ཆེན་པོའི་སྒྲ་ཡིས་ནི། །སྡུག་བསྔལ་སེམས་ཅན་ཐར་བགྱིད་ཤོག །བསྐལ་པ་བྱེ་བ་བསམ་ཡས་སུ། །ཆོས་སྟོན་མཛད་ཅིང་བཞུགས་གྱུར་ཅིག །   

འཇམ་དཔལ་མཚན་བརྗོད་བཀླག་ཐབས་བཞུགས་སོ། །

  བླ་མ་སངས་རྒྱས་ཆོས་ཚོགས་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། ། གཞན་དོན་རྫོགས་བྱང་འཐོབ་བྱའི་ཕྱིར། །ཟབ་མོའི་རྒྱུད་སྡེ་བཀླག་པར་ བགྱི༑ ༑ ལན་གསུམ་གྱིས་སྐྱབས་སེམས་བྱ།    རང་མདུན་ནམ་མཁར་ཡིད་འཕྲོག་པའི༑ ༑མཆོད་སྤྲིན་རྒྱ་མཚོ་འཁྲིགས་པའིདབུས། །པད༌ཟླའི༌གདན༌ལ༌སྐད༌ ཅིག༌གིས། །རྗེ༌བཙུན༌འཕགས༌པ༌འཇམ༌པའི༌དབྱངས། །སྐུ༌མདོག༌གསེར༌གྱི༌ལྷུན༌པོ༌ནི། །མཚམས༌སྤྲིན༌གསར༌པས༌འཁྱུད༌བཞིན༌མཛེས། ། ཞི༌འཛུམ༌བརྒྱད༌གཉིས༌ལང༌ཚོའི༌དཔལ། །ངོ༌མཚར༌མཚན༌དཔེའི༌ཕུང༌པོར༌འབར། ། ཞལ་གཅིག་ཕྱག་བཞིའི་དང་པོ་གཉིས། །ཤེས་རབ་རལ་གྲི་གླེགས་བམ་དང་། །འོག་མས་ཐབས་ཤེས་མདའ་གཞུ་བསྣམས། །ཟླ་བའི་རྒྱབ་ཡོལ་ལ་བརྟེན་ནས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས། །སྣ་ཚོགས་དར་གྱི་ཤམ་ཐབས་དང་། །རིན་ཆེན་རྒྱན་གྱིས་རྣམ་པར་བརྒྱན། །ཟུར་ཕུད་ཨུཏྤལ་ལ་གནས་པའི། །མི་བསྐྱོད་རིགས་ཀྱི་བདག་པོར་བཅས། །མཁའ་ལམ་དབང་པོའི་གཞུ་ལྟ་བུ། །སྣང་སྟོང་ཟུང་འཇུག་ཡེ་ཤེས་སྐུ། །མངོན་སུམ་བཞིན་དུ་གསལ་བར་གྱུར། །ཨེ་མ་སངས་རྒྱས་བྱང་སེམས་དང་། །ཉན་ཐོས་རང་རྒྱལ་ཚངས་དབང་སོགས། །སྲིད་ཞིའི་ཉམས་འགྱུར་ཇི་སྙེད་ཀུན༑ ༑འཇམ་པའི་དཔལ་ལས་གཞན་མིན་ཕྱིར། །མཐའ་ཡས་ཤེས་བྱའི་རྗེས་སོང་བའི། །མཚན་དང་སྐུ་ཡི་བཀོད་པ་དང་། །ཡོན་ཏན་མཁའ་དང་སྙོམས་འཇུག་པར། །མི་ཕྱེད་མཆོག་ཏུ་གུས་པའི་བློས། །ངག་གི་ནོར་བུ་ཏམྦུ་ར༑ ༑ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །རྡོ་རྗེའི་མཚན་དོན་ཡང་དག་པར༑ ༑བརྗོད་པའི་གདངས་སུ་འཕོས་པ་ཡིས། །མཁྱེན་བརྩེ་ནུས་པའི་རྒྱུད་བསྐུལ་བས། །ཐུགས་རྗེའི་འོད་ཟེར་དཔག་ཡས་པ། །ས་གསུམ་ཁྱབ་པར་རབ་ཏུ་འཕྲོས། །བདག་དང་ཡིད་ཅན་ཐམས་ཅད་ཀྱི། །ཐོག་མེད་ནས་བསགས་སྡིག་ལྟུང་དང་། །སྒྲིབ་གཉིས་མུན་པ་ཀུན་བསལ་ནས། །ཇི་ལྟ་ཇི་སྙེད་ཤེས་བྱ་ལ། །བློ་མཆོག་པདྨོ་རྒྱས་པར་འགྱུར།  ཅེས་བརྗོད་ཅིང་བསམས་ལ།

འཇམ་དཔལ་མཚན་བརྗོད་བཞུགས་སོ། །

  རྒྱ་གར་སྐད་དུ། །ཨཱརྱ་མཉྫུ་ཤྲི་ནཱ་མ་སཾ་གཱི་ཏི། བོད་སྐད་དུ། འཕགས་པ་འཇམ་དཔལ་གྱི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། །དེ་ནས་དཔལ་ལྡན་རྡོ་རྗེ་འཆང་༑ ༑གདུལ་དཀའ་འདུལ་བ་རྣམས་ཀྱི་མཆོག །དཔལ་བོ་འཇིག་རྟེན་གསུམ་ལས་རྒྱལ། །པདྨ་དཀར་པོ་རྒྱས་འདྲའི་སྤྱན། ། པདྨ་རྒྱས་འདྲའི་ཞལ་མངའ་བ། །ར ང་གི་ལག་གིས་རྡོ་རྗེ་མཆོག །ཡང་དང་ཡང་དུ་གསོར་བྱེད་པ༑ ༑ཁྲོ་གཉེར་རིམ་པ་ལྡན་ལ་སོགས། །ལག་ན་རྡོ་རྗེ་མཐའ་ཡས་པ༑ ༑དཔའ་བོ་གདུལ་དཀའ་འདུལ་བ་པོ། །འཇིགས་སུ་རུང་དང་དཔའ་བྱེད་ཅན། །རྡོ་རྗེ་རྩེ་མོ་རབ་འཕྲོ་བ། །རང་གི་ལག་གིས་གསོར་བྱེད་པ༑ ༑སྙིང་རྗེ་ཆེ་དང་ཤེས་རབ་དང་། །ཐབས་ཀྱིས་འགྲོ་དོན་བྱེད་པའི་མཆོག ༑དགའ་མགུ་རངས་པའི་བསམ་པ་ཅན། །ཁྲོ་བོའི་ལུས་ཀྱི་གཟུགས་ལྡན་པ། །སངས་རྒྱས་འཕྲིན་ལས་བྱེད་པའི་མགོན། །ལུས་བཏུད་རྣམས་དང་ལྷན་ཅིག་ཏུ། །དེ་བཞིན་གཤེགས་པ་བཅོམ་ལྡན་འདས། །རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །ཐལ་མོ་སྦྱར་བ་བྱས་ནས་ནི། །སྤྱན་སྔར་འདུག་སྟེ་འདི་སྐད་གསོལ། །ཁྱབ་བདག་བདག་ལ་སྨན་པ་དང་། །བདག་དོན་བདག་ལ་ཐུགས་བརྩེའི་ཕྱིར། །སྒྱུ་འཕྲུལ་དྲྭ་བར་མངོན་རྫོགས་པའི། །བྱང་ཆུབ་ཅི་ནས་བདག་ཐོབ་མཛོད། །ཉོན་མོངས་པས་ནི་སེམས་དཀྲུགས་ཤིང་༑ ༑མི་ཤེས་འདམ་དུ་བྱིང་བ་ཡི། །སེམས་ཅན་ཀུན་ལ་སྨན་པ་དང་༑ ༑བླ་མེད་འབྲས་བུ་ཐོབ་བྱའི་ཕྱིར། །རྫོགས་པའི་སངས་རྒྱས་བཅོན་ལྡན་འདས། །འགྲོ་བའི་བླ་མ་སྟོན་པ་པོ། །དམ་ཚིག་ཆེན་པོ་དེ་ཉིད་མཁྱེན༑ ༑དབང་པོ་བསམ་པ་མཁྱེན་མཆོག་གིས། །བཅོམ་ལྡན་འདས་ཀྱི་ཡེ་ཤེས་སྐུ། །གཙུག་ཏོར་ཆེན་པོ་ཚིག་གི་བདག །ཡེ་ཤེས་སྐུ་སྟེ་རང་བྱུང་བ༑ ༑འཇམ་དཔལ་ཡེ་ཤེས་སེམས་དཔའ་ཡི། །མིང་ནི་ཡང་དག་བརྗོད་པའི་མཆོག ༑དོན་ཟབ་དོན་ནི་རྒྱ་ཆེ་ཞིང་། །དོན་ཆེན་མཚུངས་མེད་རབ་ཞི་བ༑ ༑ཐོག་མ་བར་དང་མཐར་དགེ་བ། །འདས་པའི་སངས་རྒྱས་རྣམས་ཀྱིས་གསུངས༑ ༑མ་འོངས་རྣམས་ཀྱང་གསུང་འགྱུར་ལ། །ད་ལྟ་བྱུང་བའི་རྫོགས་སངས་རྒྱས། །ཡང་དང་ཡང་དུ་གསུངས་པ་གང་། །རྒྱུད་ཆེན་སྒྱུ་འཕྲུལ་དྲྭ་བ་ལས༑ ༑རྡོ་རྗེ་འཆང་ཆེན་གསང་སྔགས་འཆང་། །དཔག་མེད་རྣམས་ཀྱིས་དགའ་བཞིན་དུ། །གླུར་བླངས་གང་དག་བཤད་དུ་གསོལ། །མགོན་པོ་རྫོགས་སངས་རྒྱས་ཀུན་གྱི། །གསང་འཛིན་ཅི་ནས་བདག་འགྱུར་ཕྱིར༑ ༑ངེས་པར་འབྱུང་གི་བར་དུ་ནི། །བདག་གིས་བསམ་པ་བརྟན་པོས་བཟུང་༑ ༑ཉོན་མོངས་མ་ལུས་བསལ་བ་དང་། །མི་ཤེས་མ་ལུས་སྤང་བའི་ཕྱིར༑ ༑བསམ་པའི་ཁྱད་པར་ཇི་བཞིན་དུ། །སེམས་ཅན་རྣམས་ལ་བཤད་པར་འཚལ། །གསང་དབང་ལག་ན་རྡོ་རྗེ་ཡིས། །དེ་བཞིན་གཤེགས་ལ་དེ་སྐད་དུ། །གསོལ་ནས་ཐལ་མོ་སྦྱར་བྱས་ཏེ། །ལུས་བཏུད་ནས་ནི་སྤྱན་སྔར་འདུག ༑དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །རྫོགས་པའི་སངས་རྒྱས་རྐང་གཉིས་མཆོག ༑ཉིད་ཀྱི་ཞལ་ནས་ལྗགས་བཟང་བ། །རིང་ཞིང་ཡངས་པ་བརྐྱངས་མཛད་དེ། །འཇིག་རྟེན་གསུམ་པོ་སྣང་བྱེད་ཅིང་། །བདུད་བཞིའི་དགྲ་རྣམས་འདུལ་བྱེད་པ། །སེམས་ཅན་རྣམས་ཀྱི་ངན་སོང་གསུམ། །སྦྱོང་བར་བྱེད་པའི་འཛུམ་བསྟན་ནས། །ཚངས་པའི་གསུང་ནི་སྙན་པ་ཡིས། །འཇིག་རྟེན་གསུམ་པོ་ཀུན་བཀང་སྟེ། །ལག་ན་རྡོ་རྗེ་སྟོབས་པོ་ཆེ། །གསང་དབང་ལ་ནི་སླར་གསུངས་པ། །སྙིང་རྗེ་ཆེ་དང་ལྡན་གྱུར་པས། །འགྲོ་ལ་ཕན་པའི་དོན་དུ་ཁྱོད༑ ༑ཡེ་ཤེས་ལུས་ཅན་འཇམ་དཔལ་གྱི། །མིང་བརྗོད་པས་ནི་དོན་ཆེ་བ༑ ༑དག་པར་བྱེད་ཅིང་སྡིག་སེལ་བ། །ང་ལས་ཉན་པར་བརྩོན་པ་ནི༑ ༑ལེགས་སོ་དཔལ་ལྡན་རྡོ་རྗེ་འཆང་། །ལག་ན་རྡོ་རྗེ་ཁྱོད་ལགས་སོ༑ ༑གསང་བའི་བདག་པོ་དེ་ཕྱིར་ངས། །ཁྱོད་ལ་ལེགས་པར་བསྟན་པར་བྱ༑ ༑ཁྱོད་ནི་རྩེ་གཅིག་ཡིད་ཀྱིས་ཉོན། །བཅོམ་ལྡན་དེ་ནི་ལེགས་ཞེས་གསོལ༑ ༑དེ་ནས་བཅོམ་ལྡན་ཤཱཀྱ་ཐུབ། །གསང་སྔགས་རིགས་ཆེན་ཐམས་ཅད་དང་། །གསང་སྔགས་རིག་སྔགས་འཆང་བའི་རིགས། །རིགས་གསུམ་ལ་ནི་རྣམ་པར་གཟིགས། །འཇིག་རྟེན་འཇིག་རྟེན་འདས་པའི་རིགས༑ ༑འཇིག་རྟེན་སྣང་བྱེད་རིགས་ཆེན་དང་། །ཕྱག་རྒྱ་ཆེན་པོའི་རིགས་མཆོག་དང་། །རིགས་ཆེན་གཙུག་ཏོར་ཆེར་གཟིགས་ནས། །ཚིག་གི་བདག་པོས་ཚིགས་སུ་བཅད། །གསང་སྔགས་རྒྱལ་པོ་དྲུག་ལྡན་ཞིང་། །གཉིས་སུ་མེད་པར་འབྱུང་བ་དང་། །མི་སྐྱེའི་ཆོས་ཅན་འདི་གསུངས་པ། །ཨ་ཨཱཿ ཨི་ཨཱིཿ ཨུ་ཨཱུཿ ཨེ་ཨེེཿ ཨོ་ཨོོཿ ཨཾ་ཨཿ སྠི་ཏོ་ཧྲྀ་དེཿ ཛྷཱ་ན་མཱུརྟྟི་ར་ཧཾ་བུད་དྷོ་བུད་དྷཱ་ནཾཿ ཊྱ་དྷྭ་ཝརྟི་ནཱཿ ཨོཾ་བཛྲ་ཏཱིཀྵཎ་དུཿཁ་ཙྪེ་ད་པྲ་ཛྷཱ་ཛྷཱ་ན་མཱུརྟྟ་ཡེཿ ཛྷཱ་ན་ཀཱ་ཡ་ཝཱ་གཱི་ཤྭ་ར་ཨ་ར་པ་ཙ་ན་ཡ་ཏེ་ན་མཿ འདི་ལྟར་སངས་རྒྱས་བཅོམ་ལྡན་འདས། །རྫོགས་པའི་སངས་རྒྱས་ཨ་ལས་བྱུང་། །ཨ་ནི་ཡིག་འབྲུ་ཀུན་གྱི་མཆོག །དོན་ཆེན་ཡི་གེ་དམ་པ་ཡིན། །ཁོང་ནས་འབྱུང་བ་སྐྱེ་བ་མེད༑ ༑ཚིག་ཏུ་བརྗོད་པ་སྤངས་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག ༑ཚིག་ཀུན་རབ་ཏུ་གསལ་བར་བྱེད། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །སེམས་ཅན་ཐམས་ཅད་དགའ་བར་བྱེད། །མཆོད་པ་ཆེན་པོ་ཞེ་སྡང་ཆེ། །ཉོན་མོངས་ཀུན་གྱི་དགྲ་ཆེ་བ། །མཆོད་པ་ཆེན་པོ་གཏི་མུག་ཆེ༑ ༑གཏི་མུག་བློ་སྟེ་གཏི་མུག་སེལ། །མཆོད་པ་ཆེན་པོ་ཁྲོ་བ་ཆེ། །ཁྲོ་བ་ཆེན་པོ་དགྲ་ཆེ་བ། །མཆོད་པ་ཆེན་པོ་ཆགས་པ་ཆེ། །ཆགས་པ་ཐམས་ཅད་སེལ་བར་བྱེད། །འདོད་པ་ཆེན་པོ་བདེ་བ་ཆེ། །དགའ་བ་ཆེན་པོ་མགུ་བ་ཆེ༑ ༑གཟུགས་ཆེ་ལུས་ཀྱང་ཆེ་བ་སྟེ། །ཁ་དོག་ཆེ་ཞིང་ལུས་བོང་ཆེ། །མིང་ཡང་ཆེ་ཞིང་རྒྱ་ཆེ་བ། །དཀྱིལ་འཁོར་ཆེན་པོ་ཡངས་པ་ཡིན། །ཤེས་རབ་མཚོན་ཆེན་འཆང་བ་སྟེ། །ཉོན་མོངས་ལྕགས་ཀྱུ་ཆེ་བའི་མཆོག །གྲགས་ཆེན་སྙན་གྲགས་ཆེན་པོ་སྟེ། །སྣང་བ་ཆེན་པོ་གསལ་བ་ཆེ། །མཁས་པ་སྒྱུ་འཕྲུལ་ཆེན་པོ་འཆང་། །སྒྱུ་འཕྲུལ་ཆེན་པོ་དོན་གྲུབ་པ། །སྒྱུ་འཕྲུལ་ཆེན་པོ་དགའ་བས་དགའ། །སྒྱུ་འཕྲུལ་ཆེན་པོའི་མིག་འཕྲུལ་ཅན། །སྦྱིན་བདག་ཆེན་པོ་གཙོ་བོ་སྟེ། །ཚུལ་ཁྲིམས་ཆེན་པོ་འཆང་བའི་མཆོག །བཟོད་ཆེན་འཆང་བ་བརྟན་པ་པོ། །བརྩོན་འགྲུས་ཆེན་པོ་བརྟུལ་བ་ཡིན། །བསམ་གཏན་ཆེན་པོ་ཏིང་འཛིན་གནས། །ཤེས་རབ་ཆེན་པོའི་ལུས་འཆང་བ། །སྟོབས་པོ་ཆེ་ལ་ཐབས་ཆེ་བ། །སྨོན་ལམ་ཡེ་ཤེས་རྒྱ་མཚོ་སྟེ། །བྱམས་ཆེན་རང་བཞིན་དཔག་ཏུ་མེད། །སྙིང་རྗེ་ཆེན་པོ་བློ་ཡི་མཆོག །ཤེས་རབ་ཆེན་པོ་བློ་ཆེན་ལྡན༑ ༑མཁས་པ་ཆེན་པོ་ཐབས་ཆེ་བ། །རྫུ་འཕྲུལ་ཆེན་པོ་སྟོབས་དང་ལྡན༑ ༑ཤུགས་ཆེན་མགྱོགས་པ་ཆེན་པོ་སྟེ། །རྫུ་འཕྲུལ་ཆེན་པོ་ཆེར་གྲགས་པ༑ ༑སྟོབས་ཆེན་ཕ་རོལ་གནོན་པ་པོ། །སྲིད་པའི་རི་བོ་ཆེན་པོ་འཇོམས༑ ༑མཁྲེགས་ཤིང་རྡོ་རྗེ་ཆེན་པོ་འཆང་། །དྲག་པོ་ཆེན་པོ་དྲག་ཤུལ་ཆེ༑ ༑འཇིགས་ཆེན་འཇིགས་པ་བྱེད་པ་པོ། །མགོན་པོ་རིགས་མཆོག་ཆེན་པོ་སྟེ༑ ༑བླ་མ་གསང་སྔགས་ཆེ་བའི་མཆོག །ཐེག་པ་ཆེན་པོའི་ཚུལ་ལ་གནས༑ ༑ཐེག་པ་ཆེན་པོ་ཚུལ་གྱི་མཆོག །སངས་རྒྱས་རྣམ་པར་སྣང་མཛད་ཆེ༑ ༑ཐུབ་པ་ཆེན་པོ་ཐུབ་ཆེན་ལྡན། །གསང་སྔགས་ཚུལ་ཆེན་ལས་བྱུང་བ༑ ༑གསང་སྔགས་ཚུལ་ཆེན་བདག་ཉིད་ཅན། །ཕ་རོལ་ཕྱིན་བཅུ་ཐོབ་པ་སྟེ༑ ༑ཕ་རོལ་ཕྱིན་པ་བཅུ་ལ་གནས། །ཕ་རོལ་ཕྱིན་བཅུ་དག་པ་སྟེ། །ཕ་རོལ་ཕྱིན་པ་བཅུ་ཡི་ཚུལ། །མགོན་པོ་ས་བཅུ་དབང་ཕྱུག་སྟེ། །ས་བཅུ་ལ་ནི་གནས་པ་པོ། །ཤེས་བཅུ་རྣམ་དག་བདག་ཉིད་ཅན། །ཤེས་བཅུ་རྣམ་དག་འཆང་བ་པོ། །རྣམ་པ་བཅུ་པོ་དོན་བཅུའི་དོན། །ཐུབ་དབང་སྟོབས་བཅུ་ཁྱབ་པའི་བདག །ཀུན་གྱི་དོན་ནི་མ་ལུས་བྱེད། །རྣམ་བཅུ་དབང་ལྡན་ཆེ་བ་པོ༑ ༑ཐོག་མ་མེད་པ་སྤྲོས་མེད་བདག །དེ་བཞིན་ཉིད་བདག་དག་པའི་བདག ༑བདེན་པར་སྨྲ་ཞིང་ཚིག་མི་འགྱུར། །ཇི་སྐད་སྨྲས་པ་དེ་བཞིན་བྱེད༑ ༑གཉིས་སུ་མེད་དང་གཉིས་མེད་སྟོན། །ཡང་དག་མཐའ་ལ་རྣམ་པར་གནས༑ ༑བདག་མེད་སེངྒེའི་སྒྲ་དང་ལྡན། །མུ་སྟེགས་རི་དྭགས་ངན་འཇིགས་བྱེད། །ཀུན་ཏུ་འགྲོ་བའི་དོན་ཡོད་སྟོབས། །དེ་བཞིན་གཤེགས་པའི་ཡིད་ལྟར་མགྱོགས། །རྒྱལ་བ་དགྲ་རྒྱལ་རྣམ་པར་རྒྱལ། །འཁོར་ལོས་སྒྱུར་བ་སྟོབས་པོ་ཆེ། །ཚོགས་ཀྱིས་སློབ་དཔོན་ཚོགས་ཀྱི་མཆོག །ཚོགས་རྗེ་ཚོགས་བདག་དབང་དང་ལྡན། །མཐུ་ཆེན་གཅེས་པར་འཛིན་པ་སྟེ། །ཚུལ་ཆེན་གཞན་གྱི་དྲིང་མི་འཇོག །ཚིག་རྗེ་ཚིག་བདག་སྨྲ་མཁས་པ། །ཚིག་ལ་དབང་བ་ཚིག་མཐའ་ཡས། །ཚིག་བདེན་པ་དང་བདེན་པར་སྨྲ། །བདེན་པ་བཞི་ནི་སྟོན་པ་པོ། །ཕྱིར་མི་ལྡོག་པ་ཕྱིར་མི་འོང་། །འདྲེན་པ་རང་རྒྱལ་བསེ་རུའི་ཚུལ། །ངེས་འབྱུང་སྣ་ཚོགས་ལས་བྱུང་བ། །འབྱུང་བ་ཆེན་པོ་རྒྱུ་གཅིག་པུ༑ ༑དགེ་སློང་དགྲ་བཅོམ་ཟག་པ་ཟད། །འདོད་ཆགས་བྲལ་བས་དབང་པོ་ཐུལ༑ ༑བདེ་བ་བརྙེས་པས་འཇིགས་མེད་ཐོབ། །བསིལ་བར་གྱུར་པ་རྙོག་པ་མེད༑ ༑རིག་པ་དང་ནི་རྐང་པར་ལྡན། །བདེ་གཤེགས་འཇིག་རྟེན་རིག་པའི་མཆོག ༑བདག་གིར་མི་འཛིན་ངར་མི་འཛིན། །བདེན་པ་གཉིས་ཀྱི་ཚུལ་ལ་གནས༑ ༑འཁོར་བའི་ཕ་རོལ་མཐར་སོན་པ། །བྱ་བ་བྱས་པའི་སྐམ་སར་གནས༑ ༑ཤེས་པ་འབའ་ཞིག་ངེས་གསལ་བ། །ཤེས་རབ་མཚོན་ཆས་རྣམ་འཇོམས་པ། །དམ་ཆོས་ཆོས་རྒྱལ་གསལ་བར་ལྡན། །འཇིག་རྟེན་སྣང་བར་བྱེད་པའི་མཆོག །ཆོས་ཀྱི་དབང་ཕྱུག་ཆོས་ཀྱི་རྒྱལ། །ལེགས་པའི་ལམ་ནི་སྟོན་པ་པོ། །དོན་གྲུབ་བསམ་པ་གྲུབ་པ་སྟེ། །ཀུན་ཏུ་རྟོག་པ་ཐམས་ཅད་སྤངས༑ ༑རྣམ་པར་མི་རྟོག་དབྱིངས་མི་ཟད། །ཆོས་དབྱིངས་དམ་པ་ཟད་མི་ཤེས༑ ༑བསོད་ནམས་ལྡན་པ་བསོད་ནམས་ཚོགས། །ཡེ་ཤེས་ཡེ་ཤེས་འབྱུང་གནས་ཆེ། །ཡེ་ཤེས་ལྡན་པ་ཡོད་མི་ཤེས། །ཚོགས་གཉིས་ཚོགས་ནི་བསགས་པ་པོ། །རྟག་པ་ཀུན་རྒྱལ་རྣལ་འབྱོར་ཅན། །བསམ་གཏན་བསམ་བྱ་བློ་ལྡན་མཆོག །སོ་སོ་རང་རིག་མི་གཡོ་བ། །མཆོག་གི་དང་པོ་སྐུ་གསུམ་འཆང་༑ ༑སངས་རྒྱས་སྐུ་ལྔའི་བདག་ཉིད་ཅན། །ཁྱབ་བདག་ཡེ་ཤེས་ལྔ་ཡི་བདག ༑སངས་རྒྱས་ལྔ་བདག་ཅོད་པན་ཅན། །སྤྱན་ལྔ་ཆགས་པ་མེད་པ་འཆང་༑ ༑སངས་རྒྱས་ཐམས་ཅད་སྐྱེད་པ་པོ། །སངས་རྒྱས་སྲས་པོ་དམ་པའི་མཆོག །ཤེས་པས་སྲིད་འབྱུང་སྐྱེ་གནས་མེད། །ཆོས་ལས་འབྱུང་བ་སྲིད་པ་སེལ། །གཅིག་པུ་སྲ་མཁྲེགས་རྡོ་རྗེའི་བདག །སྐྱེས་མ་ཐག་ཏུ་འགྲོ་བའི་བདག །ནམ་མཁའ་ལས་འབྱུང་རང་བྱུང་བ། །ཤེས་རབ་ཡེ་ཤེས་མེ་བོ་ཆེ༑ ༑འོད་ཆེན་རྣམ་པར་སྣང་བར་བྱེད། །ཡེ་ཤེས་སྣང་བ་ལམ་མེ་བ། །འགྲོ་བའི་མར་མེ་ཡེ་ཤེས་སྒྲོན། །གཟི་བརྗིད་ཆེན་པོ་འོད་གསལ་བ། །སྔགས་མཆོག་མངའ་བདག་རིག་སྔགས་རྒྱལ། །གསང་སྔགས་རྒྱལ་པོ་དོན་ཆེན་བྱེད༑ ༑གཙུག་ཏོར་ཆེན་པོ་རྨད་བྱུང་གཙུག །ནམ་མཁའི་བདག་པོ་སྣ་ཚོགས་སྟོན། །སངས་རྒྱས་ཀུན་བདག་དངོས་པོ་མཆོག །འགྲོ་ཀུན་དགའ་བའི་མིག་དང་ལྡན། །སྣ་ཚོགས་གཟུགས་ཅན་སྐྱེད་པ་པོ། །མཆོད་ཅིང་བརྗོད་པ་དྲང་སྲོང་ཆེ། །རིག་གསུམ་འཆང་བ་གསང་སྔགས་འཆང་། །དམ་ཚིག་ཆེན་པོ་གསང་སྔགས་འཛིན། །གཙོ་བོ་དཀོན་མཆོག་གསུམ་འཛིན་པ༑ ༑ཐེག་པ་མཆོག་གསུམ་སྟོན་པ་པོ། །དོན་ཡོད་ཞགས་པ་རྣམ་པར་རྒྱལ༑ ༑འཛིན་པ་ཆེན་པོ་རྡོ་རྗེ་ཞགས། །རྡོ་རྗེ་ལྕགས་ཀྱུ་ཞགས་པ་ཆེ། །རྡོ་རྗེ་འཇིགས་བྱེད་འཇིགས་པར་བྱེད། །ཁྲོ་བོའི་རྒྱལ་པོ་གདོང་དྲུག་འཇིགས༑ ༑མིག་དྲུག་ལག་དྲུག་སྟོབས་དང་ལྡན། །ཀེང་རུས་མཆེ་བ་གཙིགས་པ་པོ། །ཧ་ལ་ཧ་ལ་གདོང་བརྒྱ་པ། །གཤིན་རྗེ་གཤེད་པོ་བགེགས་ཀྱི་རྒྱལ། །རྡོ་རྗེ་ཤུགས་ཆེན་འཇིགས་བྱེད་པ། །རྡོ་རྗེ་དྲག་པོ་རྡོ་རྗེ་སྙིང་། །སྒྱུ་འཕྲུལ་རྡོ་རྗེ་གསུས་པོ་ཆེ། །རྡོ་རྗེ་ལས་སྐྱེས་རྡོ་རྗེའི་བདག །རྡོ་རྗེ་སྙིང་པོ་མཁའ་འདྲ་བ། །མི་གཡོ་རལ་པ་གཅིག་གི་བསྒྱིངས། །གླང་ཆེན་ཀོ་རློན་གོས་སུ་གྱོན། །གྲགས་ཆེན་ཧ་ཧ་ཞེས་སྒྲོག་པ། །ཧི་ཧི་ཞེས་སྒྲོག་འཇིགས་པར་བྱེད། །གད་མོ་ཆེན་མོ་གད་རྒྱངས་ཅན། །རྡོ་རྗེ་གད་མོ་ཆེར་སྒྲོག་པ༑ ༑རྡོ་རྗེ་སེམས་དཔའ་སེམས་དཔའ་ཆེ། །རྡོ་རྗེ་རྒྱལ་པོ་བདེ་བ་ཆེ། །རྡོ་རྗེ་དྲག་པོ་དགའ་བ་ཆེ། །རྡོ་རྗེ་ཧཱུྃ་སྟེ་ཧཱུྃ་ཞེས་སྒྲོག །མཚོན་དུ་རྡོ་རྗེ་མདའ་ཐོགས་པ༑ ༑རྡོ་རྗེ་རལ་གྲིས་མ་ལུས་གཅོད། །རྡོ་རྗེ་ཀུན་འཆང་རྡོ་རྗེ་ཅན། །རྡོ་རྗེ་གཅིག་པུ་གཡུལ་སེལ་བ། །རྡོ་རྗེ་འབར་བ་མིག་མི་བཟང་། །སྒྲ་ཡང་རྡོ་རྗེ་འབར་བ་སྟེ། །རྡོ་རྗེ་འབེབས་པ་འབེབས་པ་ཆེ། །མིག་བརྒྱ་པ་སྟེ་རྡོ་རྗེའི་མིག ༑ལུས་ནི་རྡོ་རྗེའི་བ་སྤུ་ཅན། །རྡོ་རྗེ་སྤུ་ནི་གཅིག་པུའི་ལུས། །སེན་མོ་སྐྱེས་པ་རྡོ་རྗེའི་རྩེ། །རྡོ་རྗེའི་སྙིང་པོ་པགས་པ་མཁྲེགས། །རྡོ་རྗེ་འཕྲེང་ཐོགས་དཔལ་དང་ལྡན། །རྡོ་རྗེའི་རྒྱན་གྱིས་བརྒྱན་པ་སྟེ། །གད་རྒྱངས་ཧ་ཧ་ངེས་པར་སྒྲོག །ཡི་གེ་དྲུག་པ་རྡོ་རྗེའི་སྒྲ། །འཇམ་དབྱངས་ཆེན་པོའི་སྒྲ་ཆེ་བ༑ ༑འཇིག་རྟེན་གསུམ་ན་སྒྲ་གཅིག་པ། །ནམ་མཁའི་མཐའ་ཀླས་སྒྲ་སྒྲོག་པ༑ ༑སྒྲ་དང་ལྡན་པ་རྣམས་ཀྱི་མཆོག །ཡང་དག་བདག་མེད་དེ་བཞིན་ཉིད༑ ༑ཡང་དག་མཐའ་སྟེ་ཡི་གེ་མེད། །སྟོང་ཉིད་སྨྲ་བའི་ཁྱུ་མཆོག་སྟེ༑ ༑ཟབ་ཅིང་རྒྱ་ཆེ་སྒྲ་སྒྲོག་པ། །ཆོས་ཀྱི་དུང་སྟེ་སྒྲ་ཆེན་ལྡན། །ཆོས་ཀྱི་གཎྜི་སྒྲ་བོ་ཆེ། །མི་གནས་མྱ་ངན་འདས་པ་པོ། །ཕྱོགས་བཅུ་ཆོས་ཀྱི་རྔ་བོ་ཆེ༑ ༑གཟུགས་མེད་གཟུགས་བཟང་དམ་པ་སྟེ། །སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས། །གཟུགས་རྣམས་ཐམས་ཅད་སྣང་བའི་དཔལ། །གཟུགས་བརྙན་མ་ལུས་འཆང་བ་པོ། །ཚུགས་པ་མེད་ཅིང་ཆེ་བར་གྲགས། །ཁམས་གསུམ་དབང་ཕྱུག་ཆེན་པོ་སྟེ། །འཕགས་ལམ་ཤིན་ཏུ་མཐོ་ལ་གནས། །དར་བ་ཆེན་པོ་ཆོས་ཀྱི་ཏོག །འཇིག་རྟེན་གསུམ་ན་གཞོན་ལུས་གཅིག །གནས་བརྟན་རྒན་པོ་སྐྱེ་རྒུའི་བདག །སུམ་ཅུ་རྩ་གཉིས་མཚན་འཆང་བ། །སྡུག་གུ་འཇིག་རྟེན་གསུམ་ན་མཛེས། །འཇིག་རྟེན་ཤེས་ལེགས་སློབ་དཔོན་ཏེ། ། འཇིག་རྟེན་སློབ་དཔོན་འཇིགས་པ་མེད། །མགོན་སྐྱབས་འཇིག་རྟེན་ཡིད་གཅུགས་པ། །སྐྱབས་དང་སྐྱོབ་པ་བླ་ན་མེད། །ནམ་མཁའི་མཐའ་ཀླས་ལོངས་སྤྱོད་པ། །ཐམས་ཅད་མཁྱེན་པའི་ཡེ་ཤེས་མཚོ། །མ་རིག་སྒོ་ངའི་སྦུབས་འབྱེད་པ། །སྲིད་པའི་དྲ་བ་འཇོམས་པ་པོ། །ཉོན་མོངས་མ་ལུས་ཞི་བྱེད་པ། །འཁོར་བའི་རྒྱ་མཚོའི་ཕ་རོལ་ཕྱིན། །ཡེ་ཤེས་དབང་བསྐུར་ཅོད་པན་ཅན། །རྫོགས་པའི་སངས་རྒྱས་རྒྱན་དུ་ཐོགས། །སྡུག་བསྔལ་གསུམ་གྱི་སྡུག་བསྔལ་ཞི། །གསུམ་སེལ་མཐའ་ཡས་གྲོལ་གསུམ་ཐོབ། །སྒྲིབ་པ་ཀུན་ལས་ངེས་པར་གྲོལ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཉོན་མོངས་དྲི་མ་ཀུན་ལས་འདས། །དུས་གསུམ་དུས་མེད་རྟོགས་པ་པོ། །སེམས་ཅན་ཀུན་གྱི་ཀླུ་ཆེན་པོ། །ཡོན་ཏན་ཐོད་ཅན་རྣམས་ཀྱི་ཐོད། །ཉོན་མོངས་ཀུན་ལས་རྣམ་གྲོལ་བ། །ནམ་མཁའི་ལམ་ལ་རབ་གནས་པ། །ཡིད་བཞིན་ནོར་བུ་ཆེན་པོ་འཆང་། །ཁྱབ་བདག་རིན་ཆེན་ཀུན་གྱི་བདག །དཔག་བསམ་ཤིང་ཆེན་རྒྱས་པ་སྟེ། །བུམ་པ་བཟང་པོ་ཆེ་བའི་མཆོག །བྱེད་པོ་སེམས་ཅན་ཀུན་དོན་བྱེད༑ ༑ཕན་འདོད་སེམས་ཅན་མཉེས་གཤིན་པ། །བཟང་ངན་ཤེས་ཤིང་དུས་ཤེས་ལ། །ཁྱབ་བདག་དམ་ཤེས་དམ་ཚིག་ལྡན། །དུས་ཤེས་སེམས་ཅན་དབང་པོ་ཤེས། །རྣམ་གྲོལ་གསུམ་ལ་མཁས་པ་པོ། །ཡོན་ཏན་ལྡན་ཞིང་ཡོན་ཏན་ཤེས། །ཆོས་ཤེས་བཀྲ་ཤིས་བཀྲ་ཤིས་འབྱུང་། །བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། །གྲགས་པའི་བཀྲ་ཤིས་སྙན་གྲགས་དགེ །དབུགས་འབྱིན་ཆེན་པོ་དགའ་སྟོན་ཆེ། །དགའ་ཆེན་རོལ་མོ་ཆེན་པོ་སྟེ། །བཀུར་སྟི་རིམ་གྲོ་ཕུན་སུམ་ཚོགས། །མཆོག་ཏུ་དགའ་བའི་གྲགས་བདག་དཔལ། །མཆོག་ལྡན་མཆོག་སྦྱིན་གཙོ་བོ་སྟེ། །སྐྱབས་ཀྱི་དམ་པ་སྐྱབས་སུ་འོས། །འཇིག་རྟེན་དགྲ་སྟེ་རབ་ཀྱི་མཆོག །འཇིགས་པ་མ་ལུས་སེལ་བ་པོ། །གཙུག་ཕུད་ཕུད་བུ་ལྕང་ལོ་ཅན། །རལ་པ་མུན་ཛ་ཅོད་པན་ཐོགས། །གདོང་ལྔ་གཙུག་ཕུད་ལྔ་དང་ལྡན། །ཟུར་ཕུད་ལྔ་པ་མེ་ཏོག་ཐོད། །མགོ་ཟླུམ་བརྟུལ་ཞུགས་ཆེན་པོ་པ༑ ༑ཚངས་པ་སྤྱོད་པ་བརྟུལ་ཞུགས་མཆོག །དཀའ་ཐུབ་མཐར་ཕྱིན་དཀའ་ཐུབ་ཆེ། །གཙང་གནས་དམ་པ་གོའུ་ཏམ། །བྲམ་ཟེ་ཚངས་པ་ཚངས་པ་ཤེས། །མྱ་ངན་ངན་འདས་པ་ཚངས་པ་ཐོབ། །གྲོལ་བའི་ཐར་པ་རྣམ་གྲོལ་ལུས༑ ༑རྣམ་གྲོལ་ཞི་བ་ཞི་བ་ཉིད། །མྱ་ངན་འདས་ཞི་མྱ་ངན་འདས༑ ༑ལེགས་པར་མྱ་ངན་འདས་དང་ཉེ། །བདེ་སྡུག་སེལ་བ་མཐར་གྱུར་པ༑ ༑ཆགས་བྲལ་ལུས་ལས་འདས་པ་པོ། །ཐུབ་པ་མེད་ཀྱང་དཔེ་མེད་པ༑ ༑མི་མངོན་མི་སྣང་གསལ་བྱེད་མིན། །མི་འགྱུར་ཀུན་འགྲོ་ཁྱབ་པ་པོ༑ ༑ཕྲ་ཞིང་ཟག་མེད་ས་བོན་བྲལ། །རྡུལ་བྲལ་རྡུལ་བྲལ་དྲི་མ་མེད༑ ༑ཉེས་པ་སྤངས་པ་སྐྱོན་མེད་པ། །ཤིན་ཏུ་སད་པ་སད་པའི་བདག ༑ཀུན་ཤེས་ཀུན་རིག་དམ་པ་པོ། །རྣམ་པར་ཤེས་པའི་ཆོས་ཉིད་འདས༑ ༑ཡེ་ཤེས་གཉིས་མེད་ཚུལ་འཆང་བ། །རྣམ་པར་རྟོག་མེད་ལྷུན་གྱིས་གྲུབ། །དུས་གསུམ་སངས་རྒྱས་ལས་བྱེད་པ། །སངས་རྒྱས་ཐོག་མ་ཐ་མ་མེད། །དང་པོའི་སངས་རྒྱས་རྒྱུ་མེད་པ། །ཡེ་ཤེས་མིག་གཅིག་དྲི་མ་མེད༑ ༑ཡེ་ཤེས་ལུས་ཅན་དེ་བཞིན་གཤེགས། །ཚིག་གི་དབང་ཕྱུག་སྨྲ་བ་ཆེ༑ ༑སྨྲ་བའི་སྐྱེས་མཆོག་སྨྲ་བའི་རྒྱལ། །སྨྲ་བའི་དམ་པ་མཆོག་གི་གནས༑ ༑སྨྲ་བའི་སེང་གེ་ཚུགས་པ་མེད། །ཀུན་ཏུ་ལྟ་བ་མཆོག་ཏུ་དགའ༑ ༑གཟི་བརྗིད་འཕྲེང་བ་ལྟ་ན་སྡུག །འོད་བཟང་འབར་བ་དཔལ་བེའུ༑ ༑ལག་ན་འོད་འབར་སྣང་བ་པོ། །སྨན་པ་ཆེ་མཆོག་གཙོ་བོ་སྟེ། །ཟུག་རྔུ་འབྱིན་པ་བླ་ན་མེད། །སྨན་རྣམས་མ་ལུས་ལྗོན་པའི་ཤིང་། །ནད་དོ་ཅོག་གི་དགྲ་ཆེ་བ། །སྡུག་གི་འཇིག་རྟེན་གསུམ་གྱི་མཆོག །དཔལ་ལྡན་རྒྱུ་སྐར་དཀྱིལ་འཁོར་ཅན། །ཕྱོགསབཅུ་ནམ་མཁའི་མཐས་གཏུགས་པར། །ཆོས་ཀྱི་རྒྱལ་མཚན་ལེགས་པར་འཛུགས། །འགྲོ་ན་གདུགས་གཅིག་ཡངས་པ་སྟེ༑ ༑བྱམས་དང་སྙིང་རྗེའི་དཀྱིལ་འཁོར་ཅན། །དཔལ་ལྡན་པདྨ་གར་གྱི་བདག ༑ཁྱབ་བདག་ཆེན་པོ་རིན་ཆེན་གདུགས། །སངས་རྒྱས་ཀུན་གྱི་གཟི་བརྗིད་ཆེ། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ། །སངས་རྒྱས་ཀུན་གྱི་རྣལ་འབྱོར་ཆེ༑ ༑སངས་རྒྱས་ཀུན་གྱི་བསྟན་པ་གཅིག །རྡོ་རྗེ་རིན་ཆེན་དབང་བསྐུར་དཔལ༑ ༑རིན་ཆེན་ཀུན་བདག་དབང་ཕྱུག་སྟེ། །འཇིག་རྟེན་དབང་ཕྱུག་ཀུན་གྱི་བདག །རྡོ་རྗེ་འཆང་བ་ཀུན་གྱི་རྗེ། །སངས་རྒྱས་ཀུན་གྱི་ཐུགས་ཆེ་བ༑ ༑སངས་རྒྱས་ཀུན་གྱི་ཐུགས་ལ་གནས། །སངས་རྒྱས་ཀུན་གྱི་སྐུ་ཆེ་བ༑ ༑སངས་རྒྱས་ཀུན་གྱི་གསུང་ཡང་ཡིན། །རྡོ་རྗེ་ཉི་མ་སྣང་བ་ཆེ། །རྡོ་རྗེ་ཟླ་བ་དྲི་མེད་འོད། །ཆགས་བྲལ་ལ་སོགས་ཆགས་པ་ཆེ། །ཁ་དོག་སྣ་ཚོགས་འབར་བའི་འོད། །རྡོ་རྗེ་སྐྱིལ་ཀྲུང་རྫོགས་སངས་རྒྱས། །སངས་རྒྱས་འགྲོ་བའི་ཆོས་འཛིན་པ། །དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་རིག་སྔགས་འཆང་། །རྡོ་རྗེ་རྣོན་པོ་རལ་གྲི་ཆེ། །ཡི་གེ་མཆོག་སྟེ་རྣམ་པར་དག །ཐེག་པ་ཆེན་པོ་སྡུག་བསྔལ་གཅོད། །མཚོན་ཆ་ཆེན་པོ་རྡོ་རྗེ་ཆོས༑ ༑རྡོ་རྗེ་ཟབ་མོ་འཛི་ན་འཛིཀ །རྡོ་རྗེ་བློ་གྲོས་དོན་བཞིན་རིག །ཕ་རོལ་ཕྱིན་པ་ཀུན་རྫོགས་པ། །ས་རྣམས་ཀུན་གྱི་རྒྱན་དང་ལྡན། །རྣམ་པ་དག་པ་བདག་མེད་ཆོས། །ཡང་དག་ཡེ་ཤེས་ཟླ་འོད་བཟང་། །བརྩོན་ཆེན་སྒྱུ་འཕྲུལ་དྲྭ་བ་སྟེ། །རྒྱུད་ཀུན་གྱི་ནི་བདག་པོ་མཆོག །རྡོ་རྗེ་གདན་ནི་མ་ལུས་ལྡན༑ ༑ཡེ་ཤེས་སྐུ་རྣམས་མ་ལུས་འཆང་། །ཀུན་ཏུ་བཟང་པོ་བློ་གྲོས་བཟང་༑ ༑ས་ཡི་སྙིང་པོ་འགྲོ་བ་འཛིན། །སངས་རྒྱས་ཀུན་གྱི་སྙིང་པོ་ཆེ༑ ༑སྤྲུལ་པའི་འཁོར་ལོ་སྣ་ཚོགས་འཆང་། །དངོས་པོ་ཀུན་གྱི་རང་བཞིན་མཆོག ༑དངོས་པོ་ཀུན་གྱི་རང་བཞིན་འཛིན། །སྐྱེ་མེད་ཆོས་ཏེ་སྣ་ཚོགས་དོན༑ ༑ཆོས་ཀུན་ངོ་བོ་ཉིད་འཆང་བ། །ཤེས་རབ་ཆེན་པོ་སྐད་ཅིག་ལ༑ ༑ཆོས་ཀུན་ཁོང་དུ་ཆུད་པར་འཆང་། །ཆོས་ཀུན་མངོན་དུ་རྟོགས་པ་སྟེ༑ ༑ཐུབ་པ་བློ་མཆོག་འབྱུང་བའི་མཐའ། །མི་གཡོ་རབ་ཏུ་དང་བའི་བདག ༑རྫོགས་པའི་སངས་རྒྱས་བྱང་ཆུབ་འཆང་། །སངས་རྒྱས་ཀུན་གྱི་མངོན་སུམ་པ། །ཡེ་ཤེས་མེ་ལྕེ་འོད་རབ་གསལ། །འདོད་པའི་དོན་གྲུབ་དམ་པ་སྟེ། །ངན་སོང་ཐམས་ཅད་རྣམ་སྦྱོང་བའི། །མགོན་པོ་སེམས་ཅན་ཀུན་གྱི་མཆོག ༑སེམས་ཅན་ཐམས་ཅད་རབ་གྲོལ་བྱེད། །ཉོན་མོངས་གཡུལ་དུ་གཅིག་དཔའ་བ། །མི་ཤེས་དགྲ་ཡི་དྲེགས་པ་འཇོམས། །བློ་ལྡན་སྒེག་འཆང་དཔལ་དང་ལྡན། །བརྟན་པོ་མི་སྡུག་གཟུགས་འཆང་བ། །ལག་པ་བརྒྱ་པོ་ཀུན་བསྐྱོད་ཅིང་། །གོམ་པའི་སྟབས་ཀྱིས་གར་བྱེད་པ། །དཔལ་ལྡན་ལག་པ་བརྒྱས་གང་ལ། །ནམ་མཁའ་ཁྱབ་པར་གར་བྱེད་པ། །ས་ཡི་དཀྱིལ་འཁོར་བཞི་ཡི་ཁྱོན། །རྐང་པ་ཡ་གཅིག་མཐིལ་གྱིས་གནོན། །རྐང་མཐིལ་སེན་མོའི་ཁྱོན་གྱིས་ཀྱང་། །ཚངས་པའི་ཡུལ་ས་རྩེ་ནས་གནོན། །དོན་གཅིག་གཉིས་མེད་ཆོས་ཀྱི་དོན། །དམ་པའི་དོན་ནི་འཇིགས་པ་མེད། །རྣམ་རིག་སྣ་ཚོགས་གཟུགས་དོན་ཅན། །སེམས་དང་རྣམ་ཤེས་རྒྱུད་དང་ལྡན། །དངོས་དོན་མ་ལུས་རྣམས་ལ་དགའ། །སྟོང་པ་ཉིད་དགའ་འདོད་ཆགས་བློ། །སྲིད་པའི་འདོད་ཆགས་སོགས་སྤངས་པ། །སྲིད་གསུམ་དགའ་བ་ཆེན་པོ་སྟེ། །སྤྲིན་དཀར་དག་པ་བཞིན་དུ་དཀར། །འོད་བཟང་སྟོན་ཀའི་ཟླ་བའི་འོད། །ཉི་མ་འཆར་ཀའི་དཀྱིལ་ལྟར་མཛེས། །སེན་མོའི་འོད་ནི་ཤས་ཆེར་དམར། །ཅོད་པན་བཟང་པོ་མཐོན་ཀའི་རྩེ། །སྐྲ་མཆོག་མཐོན་ག་ཆེན་པོ་ཅན། །ནོར་བུ་ཆེན་པོ་འོད་ཆགས་དཔལ། །སངས་རྒྱས་སྤྲུལ་པའི་རྒྱན་དང་ལྡན། །འཇིག་རྟེན་ཁམས་བརྒྱ་ཀུན་སྐྱོད་པ། །རྫུ་འཕྲུལ་རྐང་པའི་སྟོབས་ཆེན་ལྡན། །དེ་ཉིད་དྲན་པ་ཆེན་པོ་འཆང་། །དྲན་པ་བཞི་པོ་ཏིང་འཛིན་རྒྱལ། །བྱང་ཆུབ་ཡན་ལག་མེ་ཏོག་སྤོས། །དེ་བཞིན་གཤེགས་པའི་ཡོན་ཏན་མཚོ། །ལམ་གྱི་ཡན་ལག་བརྒྱད་ཚུལ་རིག །ཡང་དག་སངས་རྒྱས་ལམ་རིག་པ། །སེམས་ཅན་ཀུན་ལ་ཤས་ཆེར་ཆགས། །ནམ་མཁའ་ལྟ་བུ་ཆགས་པ་མེད། །སེམས་ཅན་ཀུན་གྱི་ཡིད་ལ་འཇུག །སེམས་ཅན་ཀུན་གྱི་ཡིད་ལྟར་མགྱོགས། ། སེམས་ཅན་ཀུན་གྱི་དབང་དོན་ཤེས། །སེམས་ཅན་ཀུན་གྱི་ཡིད་འཕྲོག་པ༑ ༑ཕུང་པོ་ལྔ་དོན་དེ་ཉིད་ཤེས། །རྣམ་དག་ཕུང་པོ་ལྔ་འཆང་བ། །ངེས་འབྱུང་ཀུན་གྱི་མཐའ་ལ་གནས། །ངེས་པར་འབྱུང་བ་ཀུན་ལ་མཁས། །ངེས་འབྱུང་ཀུན་གྱི་ལམ་ལ་གནས། །ངེས་པ་འབྱུང་བ་ཀུན་སྟོན་པ། །ཡན་ལག་བཅུ་གཉིས་སྲིད་རྩ་བཏོན། །དག་པ་རྣམ་པ་བཅུ་གཉིས་འཆང་། །བདེན་བཞིའི་ཚུལ་གྱི་རྣམ་པ་ཅན། །ཤེས་པ་བརྒྱད་པོ་རྟོགས་པ་འཆང་། །བདེན་དོན་རྣམ་པ་བཅུ་གཉིས་ལྡན། །དེ་ཉིད་རྣམ་པ་བཅུ་དྲུག་རིག །རྣམ་པ་ཉི་ཤུས་བྱང་ཆུབ་པ། །རྣམ་པ་སངས་རྒྱས་ཀུན་རིག་མཆོག །སངས་རྒྱས་ཀུན་གྱི་སྤྲུལ་པའི་སྐུ། །བྱེ་བ་དཔག་མེད་འབྱེད་པ་པོ། །སྐད་ཅིག་ཐམས་ཅད་མངོན་པར་རྟོགས། །སེམས་ཀྱི་སྐད་ཅིག་དོན་ཀུན་རིག །ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་རྟོགས་པ་པོ། །ཐེག་པ་གསུམ་གྱི་ངེས་འབྱུང་ལ། །ཐེག་པ་གཅིག་གི་འབྲས་བུ་གནས། །ཉོན་མོངས་ཁམས་རྣམས་དག་པའི་བདག །ལས་ཀྱི་ཁམས་རྣམས་ཟད་བྱེད་པ། །ཆུ་བོ་རྒྱ་མཚོ་ཀུན་ལས་བརྒལ། །སྦྱོར་བའི་དགོན་པ་ལས་བྱུང་བ། །ཉོན་མོངས་ཉེ་བ་ཀུན་ཉོན་མོངས༑ ༑བག་ཆགས་བཅས་པ་གཏན་སྤངས་པ། །སྙིང་རྗེ་ཆེན་པོ་ཤེས་རབ་ཐབས༑ ༑དོན་ཡོད་འགྲོ་བའི་དོན་བྱེད་པ། །འདུ་ཤེས་གསུམ་གྱི་དོན་སྤངས་ཤིང་༑ ༑རྣམ་ཤེས་དོན་ནི་འགག་པར་བྱེད། །སེམས་ཅན་ཀུན་ཡིད་ཡུལ་དང་ལྡན། །སེམས་ཅན་ཀུན་གྱི་ཡིད་རིག་པ། །སེམས་ཅན་ཀུན་གྱི་ཡིད་ལ་གནས༑ ༑དེ་དག་སེམས་དང་མཐུན་པར་འཇུག །སེམས་ཅན་ཀུན་ཡིད་ཚིམ་པར་བྱེད། །སེམས་ཅན་ཀུན་གྱི་ཡིད་དགའ་བ། །གྲུབ་པ་མཐར་ཕྱིན་འཁྲུལ་པ་མེད། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །ཀུན་དོན་ཡོན་ཏན་གསུམ་གྱི་བདག །ཕུང་པོ་ལྔ་དོན་དུས་གསུམ་དུ། །སྐད་ཅིག་ཐམས་ཅད་བྱེ་བྲག་ཕྱེད། །སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སངས་རྒྱས་ཀུན་གྱི་རང་བཞིན་འཆང་། །ལུས་མེད་ལུས་ཏེ་ལུས་ཀྱི་མཆོག །ལུས་ཀྱི་མཐའ་ནི་རྟོགས་པ་པོ། །གཟུགས་རྣམས་སྣ་ཚོགས་ཀུན་ཏུ་སྟོན། །ནོར་བུ་ཆེན་པོ་རིན་ཆེན་ཏོག །སངས་རྒྱས་ཀུན་གྱི་རྟོགས་བྱ་བ། །སངས་རྒྱས་བྱང་ཆུབ་བླ་ན་མེད། །གསང་སྔགས་ལས་བྱུང་ཡི་གེ་མེད། །གསང་སྔགས་ཆེན་པོ་རིགས་གསུམ་པ། །གསང་སྔགས་དོན་ཀུན་སྐྱེད་པ་པོ། །ཐིག་ལེ་ཆེན་པོ་ཡི་གེ་མེད། །སྟོང་པ་ཆེན་པོ་ཡི་གེ་ལྔ། །ཐིག་ལེ་སྟོང་པ་ཡིག་གེ་བརྒྱ། །རྣམ་པ་ཀུན་ལྡན་རྣམ་པ་མེད། །བཅུ་དྲུག་ཕྱེད་ཕྱེད་ཐིག་ལེ་ཅན། །ཡན་ལག་མེད་པའི་རྩིས་ལས་འདས། །བསམ་གཏན་བཞི་པའི་རྩེ་མོ་ཅན། །བསམ་གཏན་ཡན་ལག་ཀུན་ཤེས་ཤིང་། །ཏིང་འཛིན་རིག་དང་རྒྱུད་རིག་པ། །ཏིང་འཛིན་ལུས་ཅན་ལུས་ཀྱི་མཆོག །ལོངས་སྤྱོད་རྫོགས་སྐུ་ཀུན་གྱི་རྒྱལ། །སྤྲུལ་པའི་སྐུ་སྟེ་སྐུ་ཡི་མཆོག །སངས་རྒྱས་སྤྲུལ་པའི་རྒྱུད་འཆང་བ། །ཕྱོགས་བཅུར་སྤྲུལ་པ་སྣ་ཚོགས་འགྱེད། །ཇི་བཞིན་འགྲོ་བའི་དོན་བྱེད་པ། །ལྷ་ཡི་དབང་པོ་ལྷ་ཡི་ལྷ། །ལྷ་མིན་དབང་པོ་ལྷ་མིན་བདག ༑འཆི་མེད་དབང་པོ་ལྷ་ཡི་ལྷ། །འཇོམས་བྱེད་འཇོམས་བྱེད་དབང་ཕྱུག་པོ། །སྲིད་པའི་དགོན་པ་ལས་བརྒལ་བ། །སྟོན་པ་གཅིག་པུ་འགྲོ་བའི་བླ༑ ༑འཇིག་རྟེན་ཕྱོགས་བཅུར་རབ་གྲགས་པ། །ཆོས་ཀྱི་སྦྱིན་བདག་ཆེ་བ་པོ༑ ༑བྱམས་པའི་གོ་ཆ་ཆས་པ་སྟེ། །སྙིང་རྗེ་ཡི་ནི་ཡ་ལད་བགོས། །ཤེས་རབ་རལ་གྲི་མདའ་གཞུ་ཐོགས། །ཉོན་མོངས་མི་ཤེས་གཡུལ་ངོ་སེལ། ། དཔའ་བོ་བདུད་དགྲ་བདུད་འདུལ་བ། །བདུད་བཞིའི་འཇིགས་པ་སེལ་བར་བྱེད༑ ༑བདུད་ཀྱི་དཔུང་རྣམས་ཕམ་བྱེད་པ། །རྫོགས་པའི་སངས་རྒྱས་འཇིག་རྟེན་འདྲེན། །མཆོད་འོས་བསྟོད་འོས་ཕྱག་གི་གནས། །རྟག་ཏུ་རི་མོར་བྱ་བའི་འོས། །བཀུར་འོས་བརྗེད་པར་བྱ་བའི་མཆོག །ཕྱག་བྱར་འོས་པ་བླ་མའི་རབ། །འཇིག་རྟེན་གསུམ་པོ་གོམ་གཅིག་བགྲོད། །མཁའ་ལྟར་མཐའ་མེད་རྣམ་པར་གནོན། །གསུམ་རིག་གཙང་མ་དག་པ་སྟེ། །མངོན་ཤེས་དྲུག་ལྡན་རྗེས་དྲན་དྲུག །བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེ། །རྫུ་འཕྲུལ་ཆེན་པོ་འཇིག་རྟེན་འདས། །ཤེས་རབ་ཕ་རོལ་ཕྱིན་པའི་མཐའ། །ཤེས་རབ་ཀྱིས་ནི་དེ་ཉིད་ཐོབ། །བདག་རིག་གཞན་རིག་ཐམས་ཅད་པ། །ཀུན་ལ་ཕན་པའི་གང་ཟག་མཆོག །དཔེར་བྱ་ཀུན་ལས་འདས་པ་སྟེ། །ཤེས་དང་ཤེས་བྱའི་བདག་པོ་མཆོག །གཙོ་བོ་ཆོས་ཀྱི་སྦྱིན་བདག་སྟེ། །ཕྱག་རྒྱ་བཞི་པོའི་དོན་སྟོན་པ། །འགྲོ་བའི་བསྙེན་བསྐུར་གནས་ཀྱི་མཆོག །ངེས་འབྱུང་གསུམ་པོ་བགྲོད་རྣམས་ཀྱི། །དོན་གྱི་དམ་པ་རྣམ་དག་དཔལ། །འཇིག་རྟེན་གསུམ་ན་སྐལ་བཟང་ཆེ། །དཔལ་ལྡན་འབྱོར་པ་ཀུན་བྱེད་པ། །འཇམ་དཔལ་དཔལ་དང་ལྡན་པའི་མཆོག །མཆོག་སྦྱིན་རྡོ་རྗེ་མཆོག་ཁྱོད་འདུད། །ཡང་དག་མཐར་གྱུར་ཁྱོད་ལ་འདུད། །སྟོང་ཉིད་ལས་བྱུང་ཁྱོད་ལ་འདུད། །སངས་རྒྱས་བྱང་ཆུབ་ཁྱོད་ལ་འདུད། །སངས་རྒྱས་ཆགས་པ་ཁྱོད་ལ་འདུད། ། སངས་རྒྱས་འདོད་པ་ཁྱོད་ལ་འདུད། །སངས་རྒྱས་དགྱེས་པ་ཁྱོད་ལ་འདུད།།  སངས་རྒྱལ་རོལ་ལ་ཕྱག་འཚལ་འདུད། །སངས་རྒྱས་འཛུམ་པ་ཁྱོད་ལ་འདུད༑ ༑སངས་རྒྱས་བཞད་ལ་ཕྱག་འཚལ་འདུད། །སངས་རྒྱས་གསུང་ཉིད་ཁྱོད་ལ་འདུད། །སངས་རྒྱས་ཐུགས་ལ་ཕྱག་འཚལ་འདུད། །མེད་པ་ལས་བྱུང་ཁྱེད་ལ་འདུད། །སངས་རྒྱས་འབྱུང་བ་ཁྱོད་ལ་འདུད། །ནམ་མཁའ་ལས་བྱུང་ཁྱོད་ལ་འདུད། །ཡེ་ཤེས་ལས་བྱུང་ཁྱོད་ལ་འདུད། །སྒྱུ་འཕྲུལ་དྲྭ་བ་ཁྱོད་ལ་འདུད། །སངས་རྒྱས་རོལ་སྟོན་ཁྱོད་ལ་འདུད། །ཐམས་ཅད་ཐམས་ཅད་ཁྱོད་ལ་འདུད། །ཡེ་ཤེས་སྐུ་ཉིད་ཁྱོད་ལ་འདུད། །ཨོཾ་སརྦ་དྷརྨ་ཨ་བྷཱ་ཝ་སྭ་བྷཱ་ཝ། བིཤུདྡྷེ་བཛྲ་ཨ་ཨཱ་ཨཾ་ཨཿ པྲ་ཀྲྀ་ཏི་པ་རི་ཤུདྡྷཱཿ སརྦ་དྷརྨ་ཡ་དུ་ཏ་སརྦ་ཏ་ཐཱ་ག་ཏཿ ཛྙཱ་ན་ཀཱ་ཡ་མཉྫུ་ཤྲི་པ་རི་ཤུདྡྷི་ཏཱ་མུ་པཱ་དཱ་ཡ་ཏི་ཨཾ་ཨཱཿ སརྦ་ཏ་ཐཱ་ག་ཏ་ཧྲི་ད་ཡཿ ཧ་ར་ཧ་ར། ཨོཾ་ཧཱུྃ་ཧྲཱིཿ བྷ་ག་ཝཱན་ཛྙཱ་ན་མཱུརྟྟི། བཱ་གཱི་ཤྭ་རཿ མ་ཧཱ་ཝཱ་ཙ། སརྦ་དྷརྨཱ་ག་ག་ན་ཨ་མ་ལ་སུ་པ་རི་ཤུདྡྷ་དྷརྨ་དྷཱ་ཏུ་ཛྙཱ་ན་གརྦྷ་ཨཱཿ དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །དགའ་ཞིང་མགུ་ནས་ཐལ་མོ་སྦྱར། །མགོན་པོ་བཅོམ་ལྡན་དེ་བཞིན་གཤེགས༑ ༑རྫོགས་སངས་རྒྱས་ལ་ཕྱག་འཚལ་ནས། །དེ་ནས་མགོན་པོ་གསང་བའི་བདག །ལག་ན་རྡོ་རྗེ་ཁྲོ་བོའི་རྒྱལ། །སྣ་ཚོགས་གཞན་དང་ལྷན་ཅིག་ཏུ། །གསང་བསྟོད་ནས་ནི་ཚིག་འདི་གསོལ། །མགོན་པོ་བདག་ཅག་ཡི་རང་ངོ་། །ལེགས་སོ་ལེགས་སོ་ལེགས་པར་གསུངས། །རྣམ་གྲོལ་འབྲས་བུ་འཚལ་བ་ཡི། །བྱང་ཆུབ་འཐོབ་པའི་དོན་ཆེན་མཛད། །སྒྱུ་འཕྲུལ་དྲ་བའི་ཚུལ་བསྟན་པ། །འདི་ནི་རྣམ་དག་ལེགས་པའི་ལམ། །ཟབ་ཅིང་ཡངས་ལ་རྒྱ་ཆེ་བ། །དོན་ཆེན་འགྲོ་བའི་དོན་བྱེད་པ། །སངས་རྒྱས་རྣམས་ཀྱི་ཡུལ་འདི་ནི༑ ༑རྫོགས་པའི་སངས་རྒྱས་ཀུན་གྱིས་བཤད། །བཅོམ་ལྡན་འདས་འཇམ་དཔལ་ཡེ་ཤེས་སེམས་དཔའི་དོན་དམ་པའི་མཚན་ཡང་དག་པར་བརྗོད་པ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པས་གསུངས་པ་རྫོགས་སོ༑ ༑  རྒྱ་གར་གྱི་མཁན་པོ་ཤད་དྷ་ཀ་ར་ཝརྨ་དང་། ག་མ་ལ་གུབྟ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་རིན་ཆེན་བཟང་པོས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ་པའོ།། །།སརྦ་མངྒ་ལཾ། །

དངོས་དང་ཡིད་ལས་བྱུང་བ་ཡི། །ཀུན་བཟང་མཆོད་པའི་སྤྲིན་རྒྱ་མཚོས། ། སྲིད་པ་མཐར་བྱས་དེ་སྲིད་དུ། །འཇམ་དཔལ་གཞོན་ནུ་མཉེས་གྱུར་ཅིག ། ཨོཾ་ཨཱརྱ་མཉྫུ་ཤྲཱི་ཨརྒྷཾ། པཱདྱཾ། པུཥྤེ། དྷཱུ་པེ། ཨ་ལོ་ཀེ གནྡྷེ། ནཻཝིདྱ། ཤཔྟ། པྲ་ཏཱི་ཙྪ་སྭཱ་ཧཱ། སྲས་བཅས་རྒྱལ་བ་ཐམས་ཅད་ཀྱི། །ཡེ་ཤེས་ཕུང་པོ་གཅིག་བསྡུས་པ། །སྲིད་ཞི་ཀུན་གྱི་དཔལ་གྱུར་པའི། །འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །མགོན་པོ་ཁྱོད་ཀྱི་རྡོ་རྗེ་མཚན། །ཡང་དག་བརྗོད་པས་རབ་བསྔགས་བདག །དེང་ནས་བྱང་ཆུབ་སྙིང་པོའི་བར། །དགྱེས་བཞིན་རྗེས་སུ་བཟུང་བར་མཛོད། །གནས་སྐབས་ཚུལ་གནས་ཐོས་བསམ་དང་། །སྒོམ་པའི་བློ་གྲོས་རབ་རྒྱས་ཤིང་། །འཆད་རྩོད་རྩོམ་ལ་མཚུངས་མེད་པའི། །སྨྲ་བའི་ཉི་མ་བྱིན་གྱིས་རློབས། །མཐར་ཐུག་ཤེས་དང་ཤེས་བྱ་ཀུན། །མི་ཕྱེད་ཡེ་ཤེས་སྐུ་ཐོབ་ནས། །འགྲོ་རྣམས་འཇམ་དཔལ་གཞོན་ནུ་ཡི། །གོ་འཕང་མཆོག་ལ་འགོད་གྱུར་ཅིག ། 

འཇམ་དབྱངས་བསྟོད་པ་གང་བློ་མ་བཞུགས་སོ།།

བླ་མ་དང་མགོན་པོ་རྗེ་བཙུན་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ལོ། གང་གི་བློ་གྲོས་སྒྲིབ་གཉིས་སྤྲིན་བྲལ་ཉི་ལྟར་རྣམ་དག་རབ་གསལ་བས། །ཇི་སྙེད་དོན་ཀུན་ཇི་བཞིན་གཟིགས་ཕྱིར་ཉིད་ཀྱི་ཐུགས་གར་གླེགས་བམ་འཛིན༑༑གང་དག་སྲིད་པའི་བཙོན་རར་མ་རིག་མུན་འཐུམས་སྡུག་བསྔལ་གྱིས་གཟིར་བའི།།འགྲོ་ཚོགས་ཀུན་ལ་བུ་གཅིག་ལྟར་བརྩེ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གསུང་། །འབྲུག་ལྟར་ཆེར་སྒྲོགས་ཉོན་མོངས་གཉིད་སློང་ལས་ཀྱི་ལྕགས་སྒྲོག་འགྲོལ་མཛད་ཅིང་། །མ་རིག་མུན་སེལ་སྡུག་བསྔལ་མྱུ་གུ་ཇི་སྙེད་གཅོད་མཛད་རལ་གྲི་བསྣམས། །གདོད་ནས་དག་ཅིང་ས་བཅུའི་མཐར་སོན་ཡོན་ཏན་ལུས་རྫོགས་རྒྱས་སྲས་ཐུ་བོའི་སྐུ། །བཅུ་ཕྲག་བཅུ་དང་བཅུ་གཉིས་རྒྱན་སྤྲས་བདག་བློའི་མུན་སེལ་འཇམ་དཔལ་དབྱངས་ལ་འདུད༑༑ཨོཾ་ཨ་ར་པ་ཙ་ན་དྷིཿ   གཟུངས་སྔགས་འདི་ཅི་ནུས་བཟླས་མཐར།    བརྩེ་ལྡན་ཁྱེད་ཀྱི་མཁྱེན་རབ་འོད་ཟེར་གྱིས། །བདག་བློའི་གཏི་མུག་མུན་པ་རབ་བསལ་ནས། །བཀའ་དང་བསྟན་བཅོས་གཞུང་ལུགས་རྟོགས་པ་ཡི༑ ༑བློ་གྲོས་སྤོབས་པའི་སྣང་བ་སྩལ་དུ་གསོལ། །    དབྱངས་ཅན་མའི་བསྟོད་པ།   ཡིད་འཕྲོག་པདྨ་དཀར་པོ་འཛུམ་པའི་ཞལ། །ལེགས་གསུང་འོད་ཟེར་སྟོང་གི་དྲྭ་བ་ཅན། །སྙིང་གི་མུན་སེལ་བློ་གྲོས་མཆོག་སྩོལ་བའི། །དབྱངས་ཅན་ངག་གི་དཔལ་མོ་ལ་ཕྱག་འཚལ། །འབྲི་ཀློག་སྒྲ་དང་རིག་པའི་གཞི་བཟུང་ནས། ། ཤེས་བྱའི་ཆོས་ཀུན་བློ་ཡི་བང་མཛོད་དུ། །འཛུད་པའི་གསོག་འཇོག་འདི་ལ་ཡིད་རྟོན་ཅིང་། །ཀུན་ཀྱང་ཐེག་གསུམ་ཆོས་ཀྱིས་ཕྱུག་གྱུར་ཅིག །ཐོས་བསམ་བསྒོམ་པའི་ཤེས་རབ་འཕེལ་དུ་གསོལ། །འཆད་རྩོད་རྩོམ་པའི་བློ་གྲོས་རྒྱས་སུ་གསོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ་དུ་གསོལ། ། མྱུར་དུ་ཁྱོད་རང་ལྟ་བུར་བྱིན་གྱིས་རློབས། །གང་ཚེ་ལྟ་བར་འདོད་པ་འམ། ། ཅུང་ཟད་དྲི་བར་འདོད་ན་ཡང་། ། གོན་པོ་འཇམ་དབྱངས་ཁྱེད་ཉིད་ནི། ། གེགས་མེད་པར་ཡང་མཐོང་བར་ཤོག །ཤེས་པས་སྲིད་ལ་མི་གནས་ཤིང་། ། སྙིང་རྗེས་ཞི་ལ་མི་གནས་པའི། །མྱ་ངན་འདས་དང་འཁོར་མི་གནས། ། མཐས་གཏུགས་པའི། །སེམས་ཅན་ཀུན་དོན་བསྒྲུབ་བྱའི་ཕྱིར། །ཇི་ལྟར་འཇམ་དབྱངས་སྤྱོད་མཛད་པ། །བདག་སོགས་སྤྱོད་པའང་དེ་འདྲར་ཤོག ། བདག་ཀྱང་འཇམ་དབྱངས་བཀའ་དྲིན་གྱིས། །ས་རབ་དགའ་བ་ཐོབ་བར་དུ༑ ༑རྟག་ཏུ་ཚེ་རབས་དྲན་པ་དང་། །རབ་ཏུ་བྱུང་བ་བྱེད་པར་ཤོག །འདི་བསྒྲུབས་པ་ལས་བྱུང་བ་ཡི། །དགེ་བ་བདག་གིས་གང་ཐོབ་པ། །དེས་ནི་སྐྱེ་བོ་མ་ལུས་པ། །འཇམ་དབྱངས་ཤེས་རབ་ཐོབ་པར་ཤོག།

རྡོར་སེམས་བསྒོམ་བཟླས།

ཨཱཿ བདག་ཉིད་ཐ་མལ་སྤྱི་བོ་རུ༔ པད་དཀར་ཟླ་བའི་གདན་གྱི་དབུས༔ ཧཱུྃ་ལས་བླ་མ་རྡོ་རྗེ་སེམས༔ དཀར་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ རྡོ་རྗེ་དྲིལ་འཛིན་སྙེམས་མ་འཁྲིལ༔ ཁྱོད་ལ་སྐྱབས་གསོལ་སྡིག་པ་སྦྱོང༔ འགྱོད་སེམས་དྲག་པོས་མཐོལ་ལོ་བཤགས༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ༔ ཁྱོད་ཐུགས་ཟླ་བ་རྒྱས་པའི་སྟེང༔ ཧཱུྃ་ཡིག་མཐའ་མར་སྔགས་ཀྱིས་བསྐོར༔ བཟླས་པ་སྔགས་ཀྱིས་རྒྱུད་བསྐུལ་བས༔ ཡབ་ཡུམ་བདེ་རོལ་སྦྱོར་མཚམས་ནས༔ བདུད་རྩི་བྱང་ཆུབ་སེམས་ཀྱི་སྤྲིན༔ ག་བུར་རྡུལ་ལྟར་འཛག་པ་ཡིས༔ བདག་དང་ཁམས་གསུམ་སེམས་ཅན་གྱི༔ ལས་དང་ཉོན་མོངས་སྡུག་བསྔལ་རྒྱུ༔ ནད་གདོན་སྡིག་སྒྲིབ་ཉེས་ལྟུང་གྲིབ༔ མ་ལུས་བྱང་བར་མཛད་དུ་གསོལ༔ ཨོཾ་བཛྲ་ས་ཏྭ་ས་མ་ཡཿ མ་ནུ་པཱ་ལ་ཡཿ བཛྲ་སཏྭ་ཏྭ་ནོ་པྲ་ཏིཥྛཿ ཌྷི་ཌྷོ་མེ་བྷ་ཝཿ སུ་ཏོ་ཥྱོ་མེ་བྷ་ཝཿ སུ་པོ་ཥྱོ་མེ་བྷ་ཝཿ ཨ་ནུ་རཀྟོ་མེ་བྷ་ཝཿ སརྦ་སིདྡྷི་མེ་པྲ་ཡཙྩཿ སརྦ་ཀརྨ་སུ་ཙ་མེཿ ཙིཏྟཾ་ཤྲཱི་ཡཾཿ ཀུ་རུ་ཧཱུྃཿ ཧ་ཧ་ཧ་ཧ་ཧོཿ བྷ་ག་ཝཱནཿ སརྦ་ཏ་ཐཱ་ག་ཏཿ བཛྲ་མཱ་མེ་མུཉྩཿ བཛྲི་བྷ་ཝཿ མ་ཧཱ་ས་མཱ་ཡ་ས་ཏྭ་ཨཱཿ   ཅི་ནུས་བཟླས་མཐར།   མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས༑༑དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་སྟེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན༑༑འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། །སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་པ་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་མཛད་དུ་གསོལ། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་བྱིན་ཞིང་འོད་དུ་ཞུ་ནས་རང་ལ་ཐིམ་པའི་རྐྱེན་ལས་རང་ཉིད་ཀྱང་རྡོ་རྗེ་སེམས་དཔའ་སྣང་སྟོང་མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་གྱུར་པའི་ཐུགས་སྲོག་ཧཱུྃ་གི་མཐའ་མར་ཡི་གེ་འབྲུ་བཞི་པོ་གསལ་བ་ལས་འོད་ཟེར་འཕྲོས་ཁམས་གསུམ་སྣོད་བཅུད་དང་བཅས་པ་རྡོར་སེམས་རིགས་ལྔའི་རྟེན་དང་བརྟེན་པའི་རང་བཞིན་དུ་སངས་རྒྱས་པར་གྱུར། ཨོཾ་བཛྲ་ས་ཏྭ་ཧཱུྃ༔   ཅི་མང་བཟླས།   གེ་བ་འདི་ཡིས་མྱུར་དུ་བདག །རྡོ་རྗེ་སེམས་དཔའ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་གནོད་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །

སྨོན་ལམ་རྡོ་རྗེའི་རྒྱ་མདུད་བཞུགས་སོ།།

བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་སྒྲུབ་པའི་དགེ་བ་དང། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས༑ ༑བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་༑ ༑སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པའི་རིག་འཛིན་གོ་འཕང་བགྲོད༑ ༑དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག ༑ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག ༑ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོའི་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག ༑ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༑ ༑ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ༑ ༑མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །

བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོན་ལམ་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལས་དང་གློ་བུར་་རྐྱེན་ལས་གྱུར་པ་ཡི། །གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས། །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན༑ ༑འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །ཇི་ལྟར་གཤེད་མས་ཁྲིད་པའི་གསད་བྱ་བཞིན། །སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི༑ ༑སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །འཆི་བདག་གཤིན་རྗེའི་ཁ་ནང་ཚུད་པ་ལྟར། །ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི། །ཉིན་གཅིག་པ་དང་རྟག་པའི་རིམ་སོགས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བློ་བུར་ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་། །བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡི། །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ། །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་གྱུར་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང་། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་གྱུར་ཅིག །

འབྲུག་ཡུལ་བདེ་བའི་སྨོན་ལམ་དོན་གཉིས་བསམ་པ་མྱུར་འགྲུབ་མ་བཞུགས།

དཀོན་མཆོག་རྩ་གསུམ་སྐྱབས་ཀུན་འདུས་པའི་སྐུ། །སྣང་སྲིད་ཟིལ་གནོན་ཨྱོན་རིན་པོ་ཆེ། །གསོལ་འདེབས་བུ་ལུ་ཐུགས་རྗེས་བརྩེར་དགོངས་ནས། །  ། བསོད་ནམས་སྟོབས་ཟད་ལས་ངན་མཚོ་ཆེན་བརྡོལ། །སྡུག་བསྔལ་ཉམ་ཐག་འདི་ལས་ད་སྐྱོབས་ཤིག །ལྷོ་ལྗོངས་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ༑ ༑བཙའ་སད་ཐོག་སོར་ཤྭ་འུད་ཆུ་ལོག་དང་། །ཡ་གཡོས་རི་ཉིལ་རླུང་ཐན་མེ་དགྲ་སོགས། །སྣོད་ཀྱི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས། །མི་ཕྱུགས་ནད་ཡམས་འགོ་བའི་ནད་ཀྱི་རིགས། །ཟ་འདྲེ་ཤི་གཤེད་གསོན་འདྲེ་འབྱུང་པོས་འཚེ། །དུས་མིན་འཆི་རྐྱེན་གློ་བུར་ཐན་ལྟས་སོགས། །བཅུད་ཀྱི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །ཚེ་རིང་ནད་མེད་འབྲུ་ནོར་ལོངས་སྤྱོད་འཕེལ། །དབུལ་ཕོངས་འཐབ་རྩོད་མིང་ཡང་མི་གྲགས་པར། །བདེ་སྐྱིད་དཔལ་གྱིས་འཚོ་བར་བྱིན་གྱིས་རློབས། །ཁྱད་པར་དུས་ངན་ཡོ་ལང་རྩུབ་འགྱུར་འཕྲུལ། །རྒྱ་འདྲེ་དམ་སྲི་འགོང་པོའི་གནོད་གདུག་དབལ། །མཐའ་དམག་ཀླ་ཀློའི་རྒོལ་ངན་ུ་འཕང་མཐོ། །ཆོས་ལྡན་རྒྱལ་སྲིད་མངའ་ཐང་མཐའ་ནས་རྒྱས། ། ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །རྒྱལ་བསྟན་མདོ་སྔགས་ཆོས་ཚུལ་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་འགོད་པའི༑ ༑བསྟན་འཛིན་ཚོགས་རྣམས་དབྱར་མཚོ་ལྟར་འཕེལ་བས། །ཕན་བདེའི་འདོད་རྒུ་འཇོ་བར་བྱིན་གྱིས་རློབས། །མདོར་ན་བདག་སོགས་ཁྱོད་ཀྱི་གདུལ་བྱ་རྣམས། །ལས་རྐྱེན་ངན་པའི་དབང་དུ་མི་བཏང་བར། །ནམ་ཡང་བསམ་པ་ལྷུན་གྲུབ་བཀྲ་ཤིས་སྩོལ། །ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །རྒྱལ་བསྟན་མདོ་སྔགས་ཆོས་ཚུལ་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་འགོད་པའི༑ ༑བསྟན་འཛིན་ཚོགས་རྣམས་དབྱར་མཚོ་ལྟར་འཕེལ་བས། །ཕན་བདེའི་འདོད་རྒུ་འཇོ་བར་བྱིན་གྱིས་རློབས། །མདོར་ན་བདག་སོགས་ཁྱོད་ཀྱི་གདུལ་བྱ་རྣམས། །ལས་རྐྱེན་ངན་པའི་དབང་དུ་མི་བཏང་བར། །ནམ་ཡང་བསམ་པ་ལྷུན་གྲུབ་བཀྲ་ཤིས་སྩོལ། །བསམ་དོན་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །སྙིགས་དུས་རང་རྟགས་མི་ཐུབ་ལྔ་བདོ་ཞིང་། །མི་རྣམས་ཤེས་རྒྱུད་བསམ་སྦྱོར་ལོག་པའི་མཐུས། །བསོད་ནམས་སྟོབས་ཟད་ལས་ངན་མཚོ་ཆེན་བརྡོལ། །སྡུག་བསྔལ་ཉམ་ཐག་འདི་ལས་ད་སྐྱོབས་ཤིག །ལྷོ་ལྗོངས་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ༑ ༑བཙའ་སད་ཐོག་སོར་ཤྭ་འུད་ཆུ་ལོག་དང་། །ཡ་གཡོས་རི་ཉིལ་རླུང་ཐན་མེ་དགྲ་སོགས། །སྣོད་ཀྱི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས། །མི་ཕྱུགས་ནད་ཡམས་འགོ་བའི་ནད་ཀྱི་རིགས། །ཟ་འདྲེ་ཤི་གཤེད་གསོན་འདྲེ་འབྱུང་པོས་འཚེ། །དུས་མིན་འཆི་རྐྱེན་གློ་བུར་ཐན་ལྟས་སོགས། །བཅུད་ཀྱི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །ཚེ་རིང་ནད་མེད་འབྲུ་ནོར་ལོངས་སྤྱོད་འཕེལ། །དབུལ་ཕོངས་འཐབ་རྩོད་མིང་ཡང་མི་གྲགས་པར། །བདེ་སྐྱིད་དཔལ་གྱིས་འཚོ་བར་བྱིན་གྱིས་རློབས། །ཁྱད་པར་དུས་ངན་ཡོ་ལང་རྩུབ་འགྱུར་འཕྲུལ། །རྒྱ་འདྲེ་དམ་སྲི་འགོང་པོའི་གནོད་གདུག་དབལ། །མཐའ་དམག་ཀླ་ཀློའི་རྒོལ་ངན་འཁྲུགས་རྩོད་དཔུང་། །ཕྱིར་བཟློག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །

བདེ་སྨོན་བསྡུས་པ།

༈ །ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ བགེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱཐཱ༔ པཉྩ་གྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ༔  སྨོ ན་ལམ་འདི་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ནས་ཁོལ་དུ་ཕྱུངས་པའོ། ། ༈ །ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གིས་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཞིང་༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨའི་ཁ་ཕྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔  ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདིན་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མའོ། །     

ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས། །མ་འབད་བཞིན་དུ་སྐུ་གསུམ་མངོན་གྱ྄ར་ཏེ། །ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །

༈ །གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ནས། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱས་ནས༑ ༑ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་ཐོབ་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་དེས་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག ། ༈ བླ་མེད་བླ་མའི་ཐུགས་རྗེ་དང་༑ ༑རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་པར་ཤོག །

བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ   ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་རྣམས་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཀུ་བཟང་པོས་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ༑ ༑མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་། །ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག ༑འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་ཇི་བཞིན་སྤྱད་པ་དང་༑ ༑བཟང་པོ་སྤྱོད་ཕྱིར་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོ་རེག་གྱུར་ཅིག།    དབུ་མའི་སྨོན་ལམ་བསྡུས་པ་ནི།    མ་ཞིག་དཔལ་གྱི་རི་ལ་ཀླུ་སྒྲུབ་རྗེས། །སྐལ་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་བསྐོར་ནས། །མཐའ་བྲལ་དབུ་མའི་ལམ་བཟང་འཆད་པ་ན། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །དེ་ཚེ་ཤེས་བྱའི་ཆོས་ཉིད་ནམ་མཁའི་མཐའ༑ ༑གཞལ་བའི་རྣམ་དཔྱོད་མཚུངས་པ་མེད་པ་ཡིས། །ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་ནས། །འཕགས་པའི་དགོངས་པ་འཁྲུལ་མེད་རྟོགས་པར་ཤོག ། 

ཅེས་པའང་གཞན་ཕན་སྣང་བས་སོ། །

བཀྲ་ཤིས་ནི།

འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས༑ ༑སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་འབྱུང་གནས་སྐུ་ལ་འདས་གྲོངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོད་མཛད། །ཨོ་རྒྱན་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག །རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང་། །མར་པ་མི་ལ་སྒམ་པོ་མཐའ་རྩ་པ། །སྣ་ཕུག་པ་དང་དཔལ་ལྡན་འབྲུག་པ་སོགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུ་གཟུང་འཛིན་བྲལ་བའི་ངང་ཉིད་ལས། །ལོངས་སྤྱོད་རྫོགས་སྐུ་འཇའ་ཚོན་ལྟ་བུ་ལ། །མཚན་དང་དཔེ་བྱད་ཕྱག་རྒྱ་ལྔ་ཡིས་བརྒྱན༑ ༑ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །ཁྱད་པར་ཨོ་རྒྱན་དབེན་གནས་སུ། །དམ་ཚིག་ཅན་རྣམས་བསྲུང་མཛད་པའི། །མཁའ་འགྲོ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །འབད་དང་རྩོལ་བ་མི་དགོས་པར། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་༑ ༑སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག ༑མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །ཐ་དད་འབྲལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་དགུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག  །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ། 

ཨོཾ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔  བཛྲ་གུ་རུའི་ཟབ་གདངས་བཅས་བྱ།

དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །    མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག ༑སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །   ཅེས་ཀུན་མཁྱེན་ཀློང་ཆེན་པའི་གསུང་ངོ་   ། །

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།   སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །

དགེའོ།།      །།དགེའོ།།     སརྦ་མངྒ་ལཾ།།          །།  

Thursday Prayer 

རེས་གཟའ་པ་སངས་གྱི་ཞལ་ཐུན་རིམ་པ།

 

འཕགས་པ་བཀྲ་ཤིས་བརྒྱད་པའི་ཚིགས་སུ་བཅད་པ།

ༀ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི། །བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས༑ ༑ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག །སྒྲོན་མེའི་རྒྱལ་པོ་རྩལ་བརྟན་དོན་གྲུབ་དགོངས། །བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ། །ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན། །ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི། །སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ། །ཡིད་ཚིམ་མཛད་པ་རྩལ་རབ་གྲགས་དཔལ་ཏེ༑ ༑མཚན་ཙམ་ཐོས་པའི་བཀྲ་ཤིས་དཔལ་འཕེལ་བ། །བདེ་བར་གཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ། །འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན༑ ༑སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ། །ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ། །ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་༑ ༑ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་། །ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི༑ ༑ཕྱག་མཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག །བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ། །རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ། །འདོད་འབྱུང་བུམ་བཟང་ཡིད་འོང་ཀ་མ་ལ། །སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ། །མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ། །རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་མཚན་ཅན། །ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ། །སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི། །བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ། །ཚངས་པ་ཆེན་པོ་བདེ་འབྱུང་སྲེད་མེད་བུ། །མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་༑ ༑འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་། །རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་། །ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན། །པི་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན། །ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ༑ ༑འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ། །བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ། གེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས། །འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ། །བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག    །ལངས་ཚེ་བརྗོད་ན་དེ་ཉིན་དོན་ཀུན་འགྲུབ། །ཉལ་ཚེ་བརྗོད་ན་རྨི་ལམ་བཟང་པོ་མཐོང་། །གཡུལ་དུ་ཞུགས་ཚེ་བརྗོད་ན་ཕྱོགས་ལས་རྒྱལ། །བྱ་བ་བརྩམ་དུས་བརྗོད་ན་འདོད་དོན་འཕེལ། །རྒྱུན་དུ་བརྗོད་ན་ཚེ་དཔལ་གྲགས་འབྱོར་ཤིས། །བདེ་ལེགས་ཕུན་ཚོགས་བསམ་དོན་ཡིད་བཞིན་འགྲུབ། །སྡིག་སྒྲིབ་ཀུན་བྱང་མངོན་མཐོ་ངེས་ལེགས་ཤིང་། །དོན་ཀུན་འགྲུབ་པར་རྒྱལ་བ་མཆོག་གིས་གསུངས། །རབ་ཚེས་མེ་སྤྲེལཟླ་ཚེས་གཟའ་ཉི་མ་རྒྱུ་སྐར་རྒྱལ་གྱི་དུས་བཟང་པོའི་ཆ་ལ་འཇམ་དཔལ་དགྱེས་པའི་ཡིད་མཚོ་ལས་བྱུང་བ་ནོར་བུའི་དོ་ཤལ་ཆེན་པོའོ། །མངྒ་ལཾ།།

ཚིག་བདུན་གསོལ་འདེབས།

ཧཱུྃ   ། ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས། །པདྨ་གེ་སར་སྡོང་པོ་ལ། །ཡ་མཚན་མཆོག་གི་དངོས་གྲུབ་བརྙེས། །པདྨ་འབྱུང་གནས་ཞེས་སུ་གྲགས༑ ༑འཁོར་དུ་མཁའ་འགྲོ་མང་པོས་བསྐོར། །ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱིས། །བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ། །གུ་རུ་པདྨ་སིདྡྷི་  ཧཱུྃ    །   ལན་གསུམ།  

ཨེ་མ་ཧོ། སྤྲོས་བྲལ་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་སུ། ། ོས་ཉིད་དུས་གསུམ་སྐྱེ་འགག་མེད་པའི་ངང་། །བྱ་བྲལ་ལྷུན་རྗོགས་བདེ་བ་ཆེན་པོའི་སྐུ། །ནམ་མཁའ་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །བླ་མ་ཆོས་ཀྱི་སྐུ་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།། དེ་ཆེན་ལྷུན་གྱིས་གྲུབ་པའི་ཞིང་ཁམས་སུ། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི། །ཡེ་ཤེས་ལྔ་ལྡན་བདེ་བར་གཤེགས་པའི་སྐུ། །ཐུགས་རྗེའི་བྱེ་བྲག་སྣ་ཚོགས་སོ་སོར་སྟོན། །བླ་མ་ལོངས་སྤྱོད་རྫོགས་སྐུ་ལ་གསོལ་བ་འདེབས༑ ༑ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་སུ། །ཐུགས་རྗེ་ཆེན་པོས་འགྲོ་བའི་དོན་ལ་བྱོན༑ ༑གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད། །འདས་དང་མ་བྱོན་ད་ལྟར་དུས་གསུམ་གྱི། །བླ་མ་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས། །

    ཧཱུྃ༔ བཞེངས་ཤིག་པདྨ་འབྱུང་གནས་མཁའ་འགྲོའི་ཚོགས༔ དགོངས་ཤིག་ཕྱོགས་བཅུ་དུས་གསུམ་བདེ་གཤེགས་རྣམས༔ རྗེ་བཙུན་ཆེན་པོ་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་མཁའ་འགྲོའི་གནས་ནས་གཤེགས་སུ་གསོལ༔ དབུ་སྐྲ་མཛེས་པའི་ཐོར་ཚུགས་ཤིགས་སེ་ཤིག༔ རིན་ཆེན་རྒྱན་ཆ་མང་པོ་སིལ་ལི་ལི༔ དུར་ཁྲོད་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ སྒྲ་དང་རོལ་མོ་མང་པོ་འུ་རུ་རུ༔ ཡི་དམ་ལྷ་ཚོགས་ཧཱུྃ་སྒྲ་དི་རི་རི༔ མཁའ་འགྲོ་སྡེ་ལྔས་གར་བྱེད་ཤིགས་སེ་ཤིག༔ གིང་ཆེན་དཔའ་བོས་བྲོ་བརྡུང་ཁྲབས་སེ་ཁྲབ༔ མ་མོ་མཁའ་འགྲོ་སྤྲིན་ལྟར་ཐིབས་སེ་ཐིབ༔ ཆོས་སྐྱོང་སྡེ་བརྒྱད་ལས་བྱེད་ཁྱུགས་སེ་ཁྱུག༔ ཞུབ་ཆེན་སྟོང་གི་སྒྲ་སྐད་སི་ལི་ལི༔ གཡས་ན་ཕོ་རྒྱུད་ཐམས་ཅད་ཤ་ར་ར༔ གཡོན་ན་མོ་རྒྱུད་ཐམས་ཅད་ཤ་ར་ར༔ བར་སྣང་ཐམས་ཅད་དར་གདུགས་ལྷབས་སེ་ལྷབ༔ དྲི་ཞིམ་སྤོས་ཀྱི་ངད་ལྡང་ཐུ་ལུ་ལུ༔ མཁའ་འགྲོ་གསང་བའི་བརྡ་སྐད་དི་རི་རི༔ གིང་ཆེན་དཔའ་པོའི་ཤུགས་གླུ་ཀྱུ་རུ་རུ༔ ཧཱུཾ་གི་སྣང་གླུ་མང་པོ་དི་རི་རི༔ ཕཊ་ཀྱི་བརྡ་སྐད་དྲག་པོ་སངས་སེ་སང་༔ བདག་དང་འགྲོ་དྲུག་སེམས་ཅན་ཐམས་ཅད་ལ༔ ཐུགས་རྗེས་གཟིགས་ལ་གནས་འདིར་གཤེགས་སུ་གསོལ༔ གནས་འདིར་ཐུགས་རྗེས་དགོངས་ཏེ་གཤེགས་ནས་ཀྱང་༔ བདག་གིས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ བགེགས་དང་ལོག་འདྲེན་བར་ཆད་འདུལ་བ་དང༔ མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ༔ འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་དུ་གསོལ༔

གསོལ་འདེབས་བསམ་པ་ལྷུན་འགྲུབ་མ།

༄༅། །ཨེ་མ་ཧོ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྣང་བ་མཐའ་ཡས་ཐུགས་རྗེའི་བྱིན་རླབས་གཡོས༔ སྤྲུལ་སྐུ་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འཛམ་བུའི་གླིང་དུ་འགྲོ་བའི་དོན་ལ་བྱོན༔ འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་མན་ཆད་ནས༔ ཆོས་རྒྱལ་གདུང་བརྒྱུད་མཐའ་ལ་མ་སྟོངས་བར༔ དུས་གསུམ་རྒྱུན་ཆད་མེད་པར་བྱིན་གྱིས་རློབས༔ བོད་ཀྱི་ཆོས་སྐྱོང་རྒྱལ་པོའི་གཉེན་གཅིག་པུ༔ རྒྱལ་པོ་ཆོས་སྤྱོད་སྐྱོང་བའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྐུ་ནི་ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད༔ ཐུགས་རྗེས་བོད་ཀྱི་སེམས་ཅན་ཡོངས་ལ་གཟིགས༔ མ་རིག་ལོག་པའི་སེམས་ཅན་འདྲེན་པའི་དཔལ༔ ཉོན་མོངས་གདུལ་དཀའི་སེམས་ཅན་ཐབས་ཀྱིས་འདུལ༔ བརྩེ་གདུང་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ ནངས་རེ་དགོངས་རེ་བོད་ཀྱི་དོན་ལ་བྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔ འགྲོ་དོན་སྟོབས་ཆེན་མཛད་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལྔ་བརྒྱའི་ཐ་མ་རྩོད་དུས་སྙིགས་མ་ལ༔ སེམས་ཅན་ཐམས་ཅད་ཉོན་མོངས་དུག་ལྔ་རགས༔ ཉོན་མོངས་འབྱོལ་ཉོག་དུག་ལྔ་རང་རྒྱུད་སྤྱོད༔ དེ་འདྲའི་དུས་ན་ཁྱེད་འདྲའི་ཐུགས་རྗེས་སྐྱོབས༔ དད་ལྡན་མཐོ་རིས་འདྲེན་པའི་ཐུགས་རྗེ་ཅན༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ཧོར་སོག་འཇིགས་པའི་དམག་གིས་མཐའ་བསྐོར་ནས༔ ཆོས་འཁོར་གཉན་པོ་འཇིག་ལ་ཐུག་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ལྷ་སྲིན་སྡེ་བརྒྱད་འཁོར་གྱིས་བསྐོར༔ ཧོར་སོག་དམག་དཔུང་བཟློག་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སེམས་ཅན་སྒྱུ་ལུས་འཇིག་པའི་ནད་བྱུང་ཚེ༔ མི་བཟོད་སྡུག་བསྔལ་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྨན་གྱི་བླ་དང་དབྱེར་མེད་པས༔ ཚེ་ཟད་མ་ཡིན་བར་ཆད་ངེས་པར་སེལ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འབྱུང་བ་དགྲར་ལངས་ས་བཅུད་ཉམས་པའི་ཚེ༔ སེམས་ཅན་མུ་གེའི་ནད་ཀྱིས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་མཁའ་འགྲོ་ནོར་ལྷའི་ཚོགས་དང་བཅས༔  དབུལ་ཕོངས་བཀྲེས་སྐོམ་སེལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལས་ཅན་འགྲོ་བའི་དོན་དུ་གཏེར་འདོན་ན༔ དམ་ཚིག་ཟོལ་ཟོག་མེད་པའི་དཔའ་གདིང་གིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཡི་དམ་ལྷ་དང་དབྱེར་མེད་པས༔ ཕ་ནོར་བུ་ཡིས་ལོན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྦས་ཡུལ་ནགས་ཁྲོད་དབེན་ས་སྙོགས་པའི་ཚེ༔ ཁ་ཆར་བུ་ཡུག་འཚུབས་ཤིང་ལམ་འགགས་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་གཞི་བདག་གཉེན་པོའི་འཁོར་གྱིས་བསྐོར༔ ཆོས་མཛད་ལམ་སྣ་འདྲེན་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྟག་གཟིག་དོམ་དྲེད་དུག་སྦྲུལ་མཆེ་བ་ཅན༔ འབྲོག་ཆེན་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དཔའ་བོ་གིང་དང་སྲུང་མར་བཅས༔ གདུག་པའི་སེམས་ཅན་སྐྲོད་པར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ས་ཆུ་མེ་རླུང་འབྱུང་བའི་བར་ཆད་ཀྱིས༔ སྒྱུ་ལུས་ཉེན་ཅིང་འཇིག་པའི་དུས་བྱུང་ཚེ༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་འབྱུང་བ་བཞི་ཡི་ལྷ་མོར་བཅས༔ འབྱུང་བ་རང་སར་ཞི་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམས་པའི་ཚེ༔ བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔ ཙོ་ར་མི་རྒོད་རྔམ་སེམས་རློག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གང་ཞིག་གཤེད་མའི་དམག་གིས་མཐའ་བསྐོར་ནས༔ མཚོན་ཆ་རྣོན་པོས་འདེབས་ཤིང་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་རྡོ་རྗེའི་གུར་དང་ལྡན་པ་ཡིས༔ གཤེད་མ་བྲེད་ཅིང་མཚོན་ཆ་འཐོར་བར་འགྱུར༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ ནམ་ཞིག་ཚེ་ཟད་འཆི་བའི་དུས་བྱུང་ཚེ༔ གནད་གཅོད་སྡུག་བསྔལ་དྲག་པོས་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་སྣང་བ་མཐའ་ཡས་སྤྲུལ་པ་སྟེ༔ བདེ་བ་ཅན་གྱི་ཞིང་དུ་ངེས་པར་སྐྱེ༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ སྒྱུ་ལུས་གཡར་པོ་ཞིག་པའི་བར་དུ་རུ༔ འཁྲུལ་སྣང་ཉིང་འཁྲུལ་སྡུག་བསྔལ་ཉེན་པ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་དུས་གསུམ་མཁྱེན་པའི་ཐུགས་རྗེ་ཡིས༔ འཁྲུལ་སྣང་རང་སར་གྲོལ་བར་ཐེ་ཚོམ་མེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ གཞན་ཡང་ལས་དང་རྐྱེན་གྱི་དབང་གྱུར་ཏེ༔ འཁྲུལ་སྣང་དངོས་པོར་ཞེན་ཅིང་སྡུག་བསྔལ་ན༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་བདེ་ཆེན་རྒྱལ་པོའི་ངོ་བོ་སྟེ༔ སྡུག་བསྔལ་འཁྲུལ་སྣང་རྩད་ནས་གཞིག་པར་བྱེད༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔ འགྲོ་དྲུག་སྡུག་བསྔལ་ཆེན་པོས་ཉེན་པ་དང༔ ཁྱད་པར་བོད་ཀྱི་རྗེ་འབངས་སྡུག་བསྔལ་ན༔ དད་གུས་མོས་པའི་གདུང་ཤུགས་དྲག་པོ་ཡིས༔ ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔ ཨོ་རྒྱན་ཐུགས་རྗེས་འཕོ་འགྱུར་མེད་པར་གཟིགས༔ ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔    ཞེས་གསུངས་ནས༔ ལྷ་སྲས་ལ་ཐུགས་བརྩེ་བས་དགོངས་ཏེ་ཡིད་བཞིན་ནོར་བུ་ལྟ་བུའི་མན་ངག་བཅུ་གསུམ་གནང་ངོ་།།   

གསོལ་འདེབས་བར་ཆད་ལམ་སེལ།

༄༅། །ཨོཾ་ཨཱཿཧཱྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱྃ༔ ཆོས་སྐུ་སྣང་བ་མཐའ་ཡས་ལ་གསོལ་བ་འདེབས༔ ལོངས་སྐུ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་འདེབས༔ སྤྲུལ་སྐུ་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔ བདག་གི་བླ་མ་ངོ་མཚར་སྤྲུལ་པའི་སྐུ༔ རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་ཡི་ངོ་མཚར་མཐོང་བའི་ཚེ༔ གཡས་པས་རལ་གྲིའི་ཕྱག་རྒྱ་མཛད༔ གཡོན་པས་འགུགས་པའི་ཕྱག་རྒྱ་མཛད༔ ཞལ་བགྲད་མཆེ་གཙིགས་གྱེན་ལ་གཟིགས༔   རྒྱལ་བའི་གདུང་འཛིན་འགྲོ་བའི་མགོན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་ཆོས་རིན་ཆེན་གསན་པའི་ཚེ༔ སྐུ་གསལ་འོད་ཟེར་མདངས་དང་ལྡན༔ ཕྱག་གཡས་སྡེ་སྣོད་གླེགས་བམ་བསྣམས༔ གཡོན་པས་ཕུར་པའི་པུསྟི་བསྣམས༔ ཟབ་མོའི་ཆོས་རྣམས་ཐུགས་སུ་ཆུད༔ ཡང་ལེ་ཤོད་ཀྱི་པཎྜི་ཏ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་ཅན་དམ་ལ་བཏགས་པའི་ཚེ༔ དྲི་མེད་གནས་མཆོག་ཉམས་རེ་དགའ༔ རྒྱ་གར་བོད་ཡུལ་ས་མཚམས་སུ༔ བྱིན་གྱིས་བརླབས་ནས་བྱོན་པའི་ཚེ༔ དྲི་བསུང་སྤོས་ངད་ལྡན་པའི་རི༔ མེ་ཏོག་པདྨ་དགུན་ཡང་སྐྱེ༔ ཆུ་མིག་བྱང་ཆུབ་བདུད་རྩིའི་ཆུ༔ བདེ་ལྡན་དེ་ཡི་གནས་མཆོག་ཏུ༔ སྐྱེས་མཆོག་ཚུལ་བཟང་ཆོས་གོས་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་དགུ་བསྣམས༔ གཡོན་པས་རིན་ཆེན་ཟ་མ་ཏོག༔ རཀྟ་བདུད་རྩི་ནང་དུ་གཏམས༔ མཁའ་འགྲོ་དམ་ཅན་དམ་ལ་བཏགས༔ ཡི་དམ་ཞལ་གཟིགས་དངོས་གྲུབ་བརྙེས༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ རྒྱལ་བའི་བསྟན་པ་བཙུགས་པའི་ཚེ༔ གཡའ་རིའི་ནགས་ལ་སྒྲུབ་པ་མཛད༔ བསྙེན་ཕུར་ནམ་མཁའི་དབྱིངས་སུ་འཕངས༔ རྡོ་རྗེའི་ཕྱག་རྒྱས་བླངས་ཤིང་སྒྲིལ༔ སྒྲིལ་ཞིང་ཙནྡན་ནགས་སུ་འཕངས༔ མེ་འབར་འཁྲུགས་ཤིང་མཚོ་ཡང་སྐེམ༔ སྲིབ་ཀྱི་མུ་སྟེགས་ས་གང་བསྲེགས༔ ཡཀྵ་ནག་པོ་རྡུལ་དུ་བརླག༔ འདྲེན་གྱི་དོ་མེད་བདུད་ཀྱི་གཤེད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྲིན་པོའི་ཁ་གནོན་མཛད་པའི་ཚེ༔ ཁྱེའུ་ཆུང་སྤྲུལ་སྐུའི་ཆ་ལུགས་ཅན༔ ཡ་མཚན་གཟུགས་བཟང་ཁ་དོག་ལེགས༔ ཚེམས་འགྲིགས་དབུ་སྐྲ་སེར་ལ་མཛེས༔ དགུང་ལོ་བཅུ་དྲུག་ལོན་པའི་ཚུལ༔ རིན་ཆེན་རྒྱན་ཆ་སྣ་ཚོགས་གསོལ༔ ཕྱག་གཡས་འཁར་བའི་ཕུར་པ་བསྣམས༔ བདུད་དང་སྲིན་པོའི་ཁ་གནོན་མཛད༔ གཡོན་པས་སེང་ལྡེང་ཕུར་པ་བསྣམས༔ མོསཔའི་བུ་ལ་སྲུང་སྐྱོབ་མཛད༔ མགུལ་ན་ལྕགས་ཀྱི་ཕུར་པ་བསྣམས༔ ཡི་དམ་ལྷ་དང་གཉིས་སུ་མེད༔ གཉིས་མེད་སྤྲུལ་སྐུ་འཛམ་གླིང་རྒྱན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདྲེ་ཡི་ཡུལ་དུ་དགོངས་པའི་ཚེ༔ མེ་དཔུང་ཤོད་ཀྱི་ས་གཞི་ལ༔ མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་ན་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བོད་ཀྱི་ཉི་མ་མཛད་པའི་ཚེ༔ དད་ལྡན་འགྲོ་བ་འདྲེན་པའི་དཔལ༔ གང་ལ་གང་འདུལ་སྐུར་བསྟན་ནས༔ གཙང་ཁ་ལ་ཡི་ལ་ཐོག་ཏུ༔ དགྲ་ལྷའི་དགེ་བསྙེན་དམ་ལ་བཏགས༔ ཡུལ་ནི་ཚ་བའི་ཚ་ཤོད་དུ༔ ལྷ་ཡི་དགེ་བསྙེན་དྲེགས་པ་ཅན༔ ཉི་ཤུ་རྩ་གཅིག་དམ་ལ་བཏགས༔ མང་ཡུལ་དེ་ཡི་བྱམས་སྤྲིན་དུ༔ དགེ་སློང་བཞི་ལ་དངོས་གྲུབ་གནང༔ ཁྱད་པར་འཕགས་པའི་རིག་འཛིན་མཆོག༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དཔལ་མོ་ཐང་གི་དཔལ་ཐང་དུ༔ བསྟན་མ་བཅུ་གཉིས་དམ་ལ་བཏགས༔ བོད་ཡུལ་ཁ་བའི་ལ་ཐོག་ཏུ༔ གངས་དཀར་ཤ་མེད་དམ་ལ་བཏགས༔ འདམ་ཤོད་ལྷ་བུའི་སྙིང་དྲུང་དུ༔ ཐང་ལ་ཡར་བཞུད་དམ་ལ་བཏགས༔ ཧས་པོ་རི་ཡི་ཡང་གོང་དུ༔ ལྷ་སྲིན་ཐམས་ཅད་དམ་ལ་བཏགས༔ ཆེ་བའི་ལྷ་འདྲེ་ཐམས་ཅད་ཀྱིས༔ ལ་ལས་སྲོག་གི་སྙིང་པོ་ཕུལ༔ ལ་ལས་བསྟན་པ་བསྲུང་བར་བྱས༔ ལ་ལས་བྲན་དུ་ཁས་བླངས་བྱས༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུགས་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམ་བྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ བསམ་ཡས་མཆིམས་ཕུར་སྒྲུབ་པ་མཛད༔ རྐྱེན་ངན་བཟློག་ཅིང་དངོས་གྲུབ་གནང༔ རྗེ་བློན་ཐར་པའི་ལམ་ལ་བཀོད༔ གདོན་གཟུགས་བོན་གྱི་བསྟན་པ་བསྣུབས༔ ཆོས་སྐུ་དྲི་མེད་རིན་ཆེན་བསྟན༔ སྐལ་ལྡན་སངས་རྒྱས་ས་ལ་བཀོད༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནས་ཨོ་རྒྱན་ཡུལ་དུ་བྱོན༔ ད་ལྟ་སྲིན་པོའི་ཁ་གནོན་མཛད༔ མི་ལས་ལྷག་གྱུར་ཡ་མཚན་ཆེ༔ སྤྱོད་པ་རྨད་བྱུང་ངོ་མཚར་ཆེ༔ མཐུ་དང་རྫུ་འཕྲུལ་སྟོབས་པོ་ཆེ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ སྐུ་གསུང་ཐུགས་ལྡན་འགྲོ་བ་འདྲེན་པའི་དཔལ༔ སྒྲིབ་པ་ཀུན་སྤངས་ཁམས་གསུམ་ས་ལེར་མཁྱེན༔ དངོས་གྲུབ་མཆོག་བརྙེས་བདེ་ཆེན་མཆོག་གི་སྐུ༔ བྱང་ཆུབ་སྒྲུབ་པའི་བར་ཆད་ངེས་པར་སེལ༔ ཐུགས་རྗེས་བདག་ལ་བྱིན་གྱིས་རློབས༔ བརྩེ་བས་བདག་སོགས་ལམ་སྣ་དྲོངས༔ དགོངས་པས་བདག་ལ་དངོས་གྲུབ་སྩོལ༔ ནུས་པས་བདག་སོགས་བར་ཆད་སོལ༔ ཕྱི་ཡི་བར་ཆད་ཕྱི་རུ་སོལ༔ ནང་གི་བར་ཆད་ནང་དུ་སོལ༔ གསང་བའི་བར་ཆད་དབྱིངས་སུ་སོལ༔ གུས་པས་ཕྱག་འཚལ་སྐྱབས་སུ་མཆི༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡཱ་ཛ་སིདྡྷི་ཕ་ལ་ཧཱུྃ༔

    དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ། །དངོས་གྲུབ་ཀུན་བདག་བདེ་བ་ཆེན་པོའི་ཞབས། །བར་ཆད་ཀུན་སེལ་བདུད་འདུལ་དྲག་པོ་རྩལ། །གསོལ་བ་འདེབས་སོ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། 

མཆོག་འགྱུར་བདེ་ཆེན་གླིང་པའི་གཏེར་མ་ལས་སོ། ། ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །འགལ་རྐྱེན་བར་ཆད་མི་འབྱུང་ཞིང་། །མཐུན་རྐྱེན་བསམ་པ་འགྲུབ་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ།   །གུ་རུའི་གཟུངས་སྔགས།

ཨོ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ།   གང་མང་གསོག་རྒྱུ།  དགེ་བ་འདི་ཡིས་མྱུར་དུ་བདག །ཨོ་རྒྱན་བླ་མ་གྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །འདི་ཡི་ས་ལ་འགོད་པར་ཤོག །

གསོལ་འདེབས་བསམ་པ་མྱུར་གྲུབ་མ།

    ། །ཨེ་མ་ཧོ། །མཚོ་དབུས་གེ་སར་པད་མའི་སྡོང་པོ་ལ། །སྐུ་ལྔ་ཡེ་ཤེས་ལྷུན་གྱིས་གྲུབ་པའི་ལྷ། །རང་བྱུང་ཆེན་པོ་པདྨ་ཡབ་ཡུམ་ནི། །མཁའ་འགྲོའི་སྤྲིན་ཕུང་འཁྲིགས་ལ་གསོལ་བ་འདེབས། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །ལས་ངན་སྤྱད་པའི་རྣམ་སྨིན་མཐུས་བསྐྱེད་པའི༑ ༑ནད་གདོན་བར་གཅོད་དམག་འཁྲུག་མུ་གེ་སོགས། །ཁྱོད་ཞལ་དྲན་པའི་མོད་ལ་ཟད་བྱེད་པའི། །ཞལ་བཞེས་སྙིང་ནས་བསྐུལ་ལོ་ཨོ་རྒྱན་རྗེ༑ ༑བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །དད་དང་ཚུལ་ཁྲིམས་གཏོང་ལ་གོམས་པ་དང་། །ཐོས་པས་རྒྱུད་གྲོལ་ཁྲེལ་ཡོད་ངོ་ཚ་ཤེས། །ཤེས་རབ་ཕུན་སུམ་ཚོགས་པའི་ནོར་བདུན་པོ། །སེམས་ཅན་ཀུན་གྱི་རྒྱུད་ལ་རང་ཞུགས་ནས། །འཇིག་རྟེན་བདེ་སྐྱིད་ལྡན་པ་དབུགས་འབྱིན་མཛོད། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །གང་ལ་ནད་དང་སྡུག་བསྔལ་མི་འདོད་རྐྱེན། །འབྱུང་པོའི་གདོན་དང་རྒྱལ་པོའི་ཆད་པ་དང་། །མེ་ཆུ་གཅན་གཟན་ལམ་འཕྲང་འཇིགས་པ་ཆེས། །ཚེ་ཡི་ཕ་མཐར་གཏུགས་པའི་གནས་སྐབས་ཀུན། །སྐྱབས་དང་རེ་ས་གཞན་དུ་མ་མཆིས་པས། །ཐུགས་རྗེས་ཟུངས་ཤིག་གུ་རུ་ཨོ་རྒྱན་རྗེ། །བསམ་པ་མྱུར་དུ་འགྲུབ་པར་བྱིན་གྱིས་   རློབས༑   རྡོ་གྲུབ་འཕྲིན་ལས་འོད་ཟེར་གྱིས་སོ།།    

སངས་རྒྱས་ཀུན་གྱི་ངོ་བོ་བཀའ་དྲིན་ཅན། །ཨྱོན་རིན་པོ་ཆེ་ལ་གསོལ་བ་འདེབས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །པདྨ་འོད་དུ་སྐྱེ་བར་བྱིན་གྱིས་རློབས། ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།

སྒྲོལ་མ་བཞུགས།

པོ་ཏ་ལ་ཡི་གནས་མཆོག་ནས། །ཏཱཾ་ཡིག་ལྗང་གུ་ལས་འཁྲུངས་ཤིང་།།   ཏཱཾ་ཡིག་འོད་ཀྱིས་འགྲོ་བ་སྒྲོལ། །སྒྲོལ་བ་འཁོར་བཅས་གཤེགས་སུ་གསོལ། །ལྷ་དང་ལྷ་མིན་ཅོད་པན་གྱི། །ཞབས་ཀྱི་པདྨོ་ལ་བཏུད་ནས། །ཕོངས་པ་ཀུན་ལས་སྒྲོལ་མཛད་མ། །སྒྲོལ་མ་ཡུམ་ལ་ཕྱག་འཚལ་ལོ། ། ༈ རྗེ་བཙུན་འཕགས་མ་སྒྲོལ་མ་དང་། །ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །རྒྱལ་བ་སྲས་བཅས་ཐམས་ཅད་ལ། །ཀུན་ནས་དྭང་བས་ཕྱག་བགྱིའོ། །མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་ལ་སོགས་པ། །དངོས་འབྱོར་ཡིད་ཀྱིས་སྤྲུལ་ནས་འབུལ། །འཕགས་མའི་ཚོགས་རྣམས་བཞེས་སུ་གསོལ། །ཐོག་མ་མེད་ནས་ད་ལྟའི་བར། །མི་དགེ་བཅུ་དང་མཚམས་མེད་ལྔ། །སེམས་ནི་ཉོན་མོངས་དབང་གྱུར་པའི། །སྡིག་པ་ཐམས་ཅད་བཤགས་པར་བགྱི། །ཉན་ཐོས་རང་རྒྱལ་བྱང་ཆུབ་སེམས། །སོ་སོ་སྐྱེ་བོ་ལ་སོགས་པས། །དུས་གསུམ་དགེ་བ་ཅི་བསགས་པའི། །བསོད་ནམས་ལ་ནི་བདག་ཡི་རང་། །སེམས་ཅན་རྣམས་ཀྱི་བསམ་པ་དང་། །བློ་ཡི་བྱེ་བྲག་ཇི་ལྟ་བར། །ཆེ་ཆུང་ཐུན་མོང་ཐེག་པ་ཡི། །ཆོས་ཀྱི་འཁོར་ལོ་སྐོར་དུ་གསོལ། ། ཁོར་བ་ཇི་སྲིད་མ་སྟོངས་བར། །མྱ་ངན་མི་འདའ་ཐུགས་རྗེ་ཡིས། །སྡུག་བསྔལ་རྒྱ་མཚོར་བྱིང་བ་ཡི། །སེམས་ཅན་རྣམས་ལ་གཟིགས་སུ་གསོལ། ། དག་གིས་བསོད་ནམས་ཅི་བསགས་པ། །ཐམས་ཅད་བྱང་ཆུབ་རྒྱུར་གྱུར་ནས། །རིང་པོར་མི་ཐོགས་འགྲོ་བ་ཡི། །འདྲེན་པའི་དཔལ་དུ་བདག་གྱུར་ཅིག །   ༀ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་སྒྲོལ་མ་མྱུར་མ་དཔའ་མོ། །སྤྱན་ནི་སྐད་ཅིག་གློག་དང་འདྲ་མ། །འཇིག་རྟེན་གསུམ་མགོན་ཆུ་སྐྱེས་ཞལ་གྱི། །གེ་སར་བྱེ་བ་ལས་ནི་བྱུང་མ། ཕྱག་འཚལ་སྟོན་ཀའི་ཟླ་བ་ཀུན་ཏུ། །གང་བ་བརྒྱ་ནི་བརྩེགས་པའི་ཞལ་མ། །སྐར་མ་སྟོང་ཕྲག་ཚོགས་པ་རྣམས་ཀྱིས། །རབ་ཏུ་ཕྱེ་བའི་འོད་རབ་འབར་མ། །ཕྱག་འཚལ་སེར་སྔོ་ཆུ་ནས་སྐྱེས་ཀྱིས། །པདྨས་ཕྱག་ནི་རྣམ་པར་བརྒྱན་མ། །སྦྱིན་པ་བརྩོན་འགྲུས་བཀའ་ཐུབ་ཞི་བ། །བཟོད་པ་བསམ་གཏན་སྤྱོད་ཡུལ་ཉིད་མ། །ཕྱག་འཚལ་དེ་བཞིན་གཤེགས་པའི་གཙུག་ཏོར། །མཐའ་ཡས་རྣམ་པར་རྒྱལ་བ་སྤྱོད་མ། །མ་ལུས་ཕ་རོལ་ཕྱིན་པ་ཐོབ་པའི། །རྒྱལ་བའི་སྲས་ཀྱི་ཤིན་ཏུ་བསྟེན་མ། །ཕྱག་འཚལ་ཏུ་ཏཱ་ར་ཧཱུྃ་ཡི་གེ །འདོད་དང་ཕྱོགས་དང་ནམ་མཁའ་གང་མ། །འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ལུས་པ་མེད་པར་འགུགས་པར་ནུས་མ། །ཕྱག་འཚལ་བརྒྱ་བྱིན་མེ་ལྷ་ཚངས་པ། །རླུང་ལྷ་སྣ་ཚོགས་དབང་ཕྱུག་མཆོད་མ། །འབྱུང་པོ་རོ་ལངས་དྲི་ཟ་རྣམས་དང་། །གནོད་སྦྱིན་ཚོགས་ཀྱིས་མདུན་ནས་བསྟོད་མ། །ཕྱག་འཚལ་ཏྲཊ་ཅེས་བྱ་དང་ཕཊ་ཀྱིས། །ཕ་རོལ་འཁྲུལ་འཁོར་རབ་ཏུ་འཇོམས་མ། །གཡས་བསྐུམ་གཡོན་བརྐྱང་ཞབས་ཀྱིས་མནན་ཏེ། །མེ་འབར་འཁྲུག་པ་ཤིན་ཏུ་འབར་མ། །ཕྱག་འཚལ་ཏུ་རེ་འཇིགས་པ་ཆེན་པོ། །བདུད་ཀྱི་དཔའ་བོ་རྣམ་པར་འཇོམས་མ། །ཆུ་སྐྱེས་ཞལ་ནི་ཁྲོ་གཉེར་ལྡན་མཛད། །   དགྲ་བོ་ཐམས་ཅད་མ་ལུས་གསོད་མ། །ཕྱག་འཚལ་དཀོན་མཆོག་གསུམ་མཚོན་ཕྱག་རྒྱའི། །སོར་མོས་ཐུགས་ཀར་རྣམ་པར་བརྒྱན་མ། །མ་ལུས་ཕྱོགས་ཀྱི་འཁོར་ལོས་བརྒྱན་པའི། །རང་གི་འོད་ཀྱི་ཚོགས་རྣམས་འཁྲུག་མ། །ཕྱག་འཚལ་རབ་ཏུ་དགའ་བ་བརྗིད་པའི། །དབུ་རྒྱན་འོད་ཀྱི་ཕྲེང་བ་སྤེལ་མ། །བཞད་པ་རབ་བཞད་ཏུ་ཏཱ་ར་ཡིས། །བདུད་དང་འཇིག་རྟེན་དབང་དུ་མཛད་མ། །ཕྱག་འཚལ་ས་གཞི་སྐྱོང་བའི་ཚོགས་རྣམས། །ཐམས་ཅད་འགུགས་པ་ནུས་པ་ཉིད་མ། ཁྲོ་གཉེར་གཡོ་བའི་ཡི་གེ་ཧཱུཾ་གིས། །ཕོངས་པ་ཐམས་ཅད་རྣམ་པར་སྒྲོལ་མ། །ཕྱག་འཚལ་ཟླ་བའི་ཟླུམ་བུ་དབུ་རྒྱན། །   བརྒྱན་པ་ཐམས་ཅད་ཤིན་ཏུ་འབར་མ། །རལ་པའི་ཁྲོད་ནས་འོད་དཔག་མེད་ལས། །རྟག་པར་ཤིན་ཏུ་འོད་རབ་མཛད་མ། །ཕྱག་འཚལ་བསྐལ་པ་ཐ་མའི་མེ་ལྟར། །འབར་བའི་ཕྲེང་བའི་དབུས་ན་གནས་མ། །གཡས་བརྐྱང་གཡོན་བསྐུམ་ཀུན་ནས་བསྐོར་དགའི། །དགྲ་ཡི་དཔུང་ནི་རྣམ་པར་འཇོམས་མ། །ཕྱག་འཚལ་ས་གཞིའི་ངོས་ལ་ཕྱག་གི །མཐིལ་གྱིས་བསྣུན་ཅིང་ཞབས་ཀྱིས་བརྡུང་མ། །ཁྲོ་གཉེར་ཅན་མཛད་ཡི་གེ་ཧཱུཾ་གིས། །རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཕྱག་འཚལ་བདེ་མ་འགེགས་མ་ཞི་མ། །མྱ་ངན་འདས་ཞི་སྤྱོད་ཡུལ་ཉིད་མ། །སྭཱ་ཧཱ་ༀ་དང་ཡང་དག་ལྡན་པས། །སྡིག་པ་ཆེན་པོ་འཇོམས་པ་ཉིད་མ། །ཕྱག་འཚལ་ཀུན་ནས་བསྐོར་རབ་དགའ་བའི། །དགྲ་ཡི་ལུས་ནི་རབ་ཏུ་འགེམས་མ། །ཡི་གེ་བཅུ་པའི་ངང་ནི་བཀོད་པའི། །རིག་པ་ཧཱུྃ་ལས་སྒྲོལ་མ་ཉིད་མ། །ཕྱག་འཚལ་ཏུ་རེའི་ཞབས་ནི་བརྡབས་པས། །ཧཱུྃ་གི་རྣམ་པའི་ས་བོན་ཉིད་མ། །རི་རབ་མནྡྷ་ར་དང་འབིགས་བྱེད། །འཇིག་རྟེན་གསུམ་རྣམས་གཡོ་བ་ཉིད་མ། །ཕྱག་འཚལ་ལྷ་ཡི་མཚོ་ཡི་རྣམ་པའི། །རི་དྭགས་རྟགས་ཅན་ཕྱག་ན་བསྣམས་མ། །ཏཱ་ར་གཉིས་བརྗོད་ཕཊ་ཀྱི་ཡི་གེས། །དུག་རྣམས་མ་ལུས་པ་ནི་སེལ་མ། །ཕྱག་འཚལ་ལྷ་ཡི་ཚོགས་རྣམས་རྒྱལ་པོ། །ལྷ་དང་མིའམ་ཅི་ཡིས་བསྟེན་མ། །   ཀུན་ནས་གོ་ཆ་དགའ་བ་བརྗིད་ཀྱིས། །རྩོད་དང་རྨི་ལམ་ངན་པ་སེལ་མ། །   ཕྱག་འཚལ་ཉི་མ་ཟླ་བ་རྒྱས་པའི། །སྤྱན་གཉིས་པོ་ལ་འོད་རབ་གསལ་མ། །   ཧ་ར་གཉིས་བརྗོད་ཏུ་ཏཱ་ར་ཡིས། །ཤིན་ཏུ་དྲག་པོའི་རིམས་ནད་སེལ་མ། ཕྱག་འཚལ་དེ་ཉིད་གསུམ་རྣམས་བཀོད་པས། །ཞི་བའི་མཐུ་དང་ཡང་དག་ལྡན་མ། །གདོན་དང་རོ་ལངས་གནོད་སྦྱིན་ཚོགས་རྣམས། །འཇོམས་པ་ཏུ་རེ་རབ་མཆོག་ཉིད་མ། །རྩ་བའི་སྔགས་ཀྱི་བསྟོད་པ་འདི་དང་། ཕྱག་འཚལ་བ་ནི་ཉི་ཤུ་རྩ་གཅིག།

ཨོཾ། འཇིགས་པ་བརྒྱད་སྐྱོབ་མ་ལ་ཕྱག་འཚལ་ལོ། །བཀྲ་ཤིས་དཔལ་འབར་མ་ལ་ཕྱག་འཚལ་ལོ། །ངན་སོང་སྒོ་འགེགས་མ་ལ་ཕྱག་འཚལ་ལོ། །མཐོ་རིས་ལམ་ལམ་སྟོན་མ་ལ་ཕྱག་འཚལ་ལོ། །རྟག་ཏུ་ཁྱོད་ཀྱིས་བསྲུང་བར་བྱ། །ད་དུང་ཁྱེད་ཀྱིས་བསྐྱབ་ཏུ་གསོལ། །

རྗེ་བཙུན་སྒྲོལ་བ་ཉེར་གཅིག་གི་བསྟོད་པ་བྱིན་རླབས་མྱུར་མགྱོགས་ཞེས་བྱ་བ་བཞུགས།

རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་མ་ལུས་རྒྱལ་བའི་ཕྲིན་ལས་ཀུན་སྒྲུབ་མ། །མྱུར་མ་དཔའ་མོ་དབྱངས་ཅན་མ་དང་བསོད་ནམས་མཆོག་སྟེར་རྣམ་རྒྱལ་རིག་བྱེད་མ་འཇིགས་བྱེད་མ། །གཞན་གྱིས་མི་ཐུབ་གཞན་ལས་རྒྱལ་དང་སེང་ལྡེང་ནགས་ཀྱི་སྒྲོལ་མ་འཇིག་རྟེན་གསུམ་རྒྱལ་ནོར་སྟེར་མ། །བཀྲ་ཤིས་དོན་བྱེད་དགྲ་དཔུང་འཇོམས་མ་ཁྲོ་གཉེར་ཅན་མཛད་རབ་ཞི་མ་དང་འབར་བའི་འོད་ཅན་མ། །དཔག་མེད་གནོན་མ་རྨ་བྱ་ཆེན་མོ་མི་ཕམ་རྒྱལ་མོ་རི་ཁྲོད་མ་དང་འོད་ཟེར་ཅན་མར་འདུད། །འགྲོ་ཀུན་སྲིད་པའི་མཚོ་ལས་སྒྲོལ་ཕྱིར་བྱང་ཆུབ་ཐོབ་འདོད་བདག་ཀྱང་ཁྱེད་ལ་རེའོ་རྗེ་བཙུན་མ། །ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱཧཱ།     ཅི་མང་བཟླས་མཐར།

ཅེས་མོས་ལ་ཕྱག་འཚལ་ཉེར་གཅིག་གི་ཕན་ཡོན་བརྗོད།    ལྷ་མོ་ལ་གུས་ཡང་དག་ལྡན་པའི། །བློ་ལྡན་གང་གིས་རབ་དང་བརྗོད་དེ། །སྲོད་དང་ཐོ་རངས་ལངས་པར་བྱས་ནས། །དྲན་པས་མི་འཇིགས་ཐམས་ཅད་རབ་སྟེར། །སྡིག་པ་ཐམས་ཅད་རབ་ཏུ་ཞི་བྱེད། །ངན་འགྲོ་ཐམས་ཅད་འཇོམས་པ་ཉིད་དོ། །རྒྱལ་བ་བྱེ་བ་ཕྲག་བདུན་རྣམས་ཀྱིས། །མྱུར་དུ་དབང་ནི་བསྐུར་བར་འགྱུར་ལ། །འདི་ལས་ཆེ་བ་ཉིད་ནི་ཐོབ་ཅིང་། །སངས་རྒྱས་གོ་འཕང་མཐར་ཐུག་དེར་འགྲོ། །དེ་ཡི་དུག་ནི་དྲག་པོ་ཆེན་པོ། །བསྟེན་ལ་གནས་པའམ་གཞན་ཡང་འགྲོ་བ། །ཟོས་པ་དང་ནི་འཐུངས་པ་ཉིད་ཀྱང་། །དྲན་པས་རབ་ཏུ་སེལ་བ་ཉིད་ཐོབ། །གདོན་དང་རིམས་དང་དུག་གིས་གཟིར་བའི། །སྡུག་བསྔལ་ཚོགས་ནི་རྣམ་པར་སྤངས་ཏེ། །སེམས་ཅན་གཞན་པ་རྣམས་ལ་ཡང་ངོ་། །   གཉིས་གསུམ་བདུན་དུ་མངོན་པར་བརྗོད་ན། །བུ་འདོད་པས་ནི་བུ་ཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཉིད་ཐོབ། །འདོད་པ་ཐམས་ཅད་ཐོབ་པར་འགྱུར་ལ། །བགེགས་རྣམས་མེད་ཅིང་སོ་སོར་འཇོམས་གྱུར་ཅིག།

ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོ་བཞུགས་སོ།།

སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགགས་ནམ་མཁའི་ངོ་བོ་ཉིད། །སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །དུས་གསུམ་རྒྱལ་བའི་ཡུམ་ལ་ཕྱག་འཚལ་ལོ། འདི་སྐད་བདག་གི་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས་རྒྱལ་པོའི་ཁབ། བྱ་རྒོད་ཕུང་པོའི་རི་ལ་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཆེན་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེའི་ཚེ་བཅོམ་ལྡན་འདས་ཟབ་མོ་སྣང་བ་ཞེས་བྱ་བའི་ཆོས་ཀྱི་རྣམ་གྲངས་ཀྱི་ཏིང་ངེ་འཛིན་ལ་སྙོམས་པར་བཞུགས་སོ། །ཡང་དེའི་ཚེ་བྱང་ཆུབ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་ཉིད་ལ་རྣམ་པར་ལྟ་ཞིང་ཕུང་པོ་ལྔ་པོ་དེ་དག་ལ་རང་བཞིན་གྱིས་སྟོང་པར་རྣམ་པར་བལྟའོ། །དེ་ནས་སངས་རྒྱས་ཀྱི་མཐུས། ཚེ་དང་ལྡན་པ་ཤཱ་རིའི་བུས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་འདི་སྐད་ཅེས་སྨྲས་སོ། །རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་ཇི་ལྟར་བསླབ་པར་བྱ༑དེ་སྐད་ཅེས་སྨྲས་པ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གིས་ཚེ་དང་ལྡན་པ་ཤཱ་རི་དྭ་ཏིའི་བུ་ལ་འདི་སྐད་ཅེས་སྨྲས་སོ། །ཤཱ་རིའི་བུ་རིགས་ཀྱི་བུའམ། རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་ཟབ་མོའི་སྤྱོད་པ་སྤྱད་པར་འདོད་པ་དེས་འདི་ལྟརརྣམ་པར་བལྟ་བར་བྱ་སྟེ། ཕུང་པོ་ལྔ་པོ་དེ་དག་ཀྱང་རང་བཞིན་གྱིས་སྟོང་པར་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ། །གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ། །སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །དེ་བཞིན་དུ་ཚོར་བ་དང་། འདུ་ཤེས་དང་། འདུ་བྱེད་དང་། རྣམ་པར་ཤེས་པ་རྣམས་སྟོང་པའོ། །ཤཱ་རིའི་བུ། དེ་ལྟར་ཆོས་ཐམས་ཅད་སྟོང་པ་ཉིད་དེ། མཚན་ཉིད་མེད་པ། མ་སྐྱེས་པ། མ་འགགས་པ། དྲི་མ་མེད་པ། དྲི་མ་དང་བྲལ་བ་མེད་པ། བྲི་བ་མེད་པ། གང་བ་མེད་པའོ། །ཤཱ་རིའི་བུ་དེ་ལྟ་བས་ན། སྟོང་པ་ཉིད་ལ་གཟུགས་མེད། ཚོར་བ་མེད། འདུ་ཤེས་མེད། འདུ་བྱེད་མེད། རྣམ་པར་ཤེས་པ་མེད། མིག་མེད། རྣ་བ་མེད། སྣ་མེད། ལྕེ་མེད། ལུས་མེད༑ ཡིད་མེད། གཟུགས་མེད། སྒྲ་མེད། དྲི་མེད། རོ་མེད། རེག་བྱ་མེད༑ ཆོས་མེད་དོ། །མིག་གི་ཁམས་མེད་པ་ནས་ཡིད་ཀྱི་ཁམས་མེད། ཡིད་ཀྱི་རྣམ་པར་ཤེས་པའི་ཁམས་ཀྱི་བར་དུ་ཡང་མེད་དོ། །མ་རིག་པ་མེད། མ་རིག་པ་ཟད་པ་མེད་པ་ནས། རྒ་ཤི་མེད། རྒ་ཤི་ཟད་པའི་བར་དུ་ཡང་མེད་དོ༑༑དེ་བཞིན་དུ་སྡུག་བསྔལ་བ་དང་། ཀུན་འབྱུང་བ་དང་། འགོག་པ་དང་༑ ལམ་མེད། ཡེ་ཤེས་མེད། ཐོབ་པ་མེད། མ་ཐོབ་པ་ཡང་མེད་དོ༑༑ཤཱ་རིའི་བུ་དེ་ལྟ་བས་ན་བྱང་ཆུབ་སེམས་དཔའ་རྣམས་ཐོབ་པ་མེད་པའི་ཕྱིར༑ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ཅིང་གནས་ཏེ། སེམས་ལ་སྒྲིབ་པ་མེད་པས་སྐྲག་པ་མེད་དེ། ཕྱིན་ཅི་ལོག་ལས་ཤིན་ཏུ་འདས་ནས་མྱ་ངན་ལས་འདས་པར་མཐར་ཕྱིན་ཏོ། །དུས་གསུམ་དུ་རྣམ་པར་བཞུགས་པའི་སངས་རྒྱས་ཐམས་ཅད་ཀྱང་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་བརྟེན་ནས། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་རྫོགས་པར་སངས་རྒྱས་སོ། །དེ་ལྟ་བས་ན་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པའི་སྔགས། རིག་པ་ཆེན་པོའི་སྔགས། བླ་ན་མེད་པའི་སྔགས། མི་མཉམ་པ་དང་མཉམ་པར་བྱེད་པའི་སྔགས། སྡུག་བསྔལ་ཐམས་ཅད་རབ་ཏུ་ཞི་བར་བྱེད་པའི་སྔགས༑མི་བརྫུན་པས་ན་བདེན་པར་ཤེས་པར་བྱ་སྟེ། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྔགས་སྨྲས་པ། ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ། ཤཱ་རིའི་བུ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། དེ་ལྟར་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་བསླབ་པར་བྱའོ། །དེ་ནས་བཅོམ་ལྡན་འདས་ཏིང་ངེ་འཛིན་དེ་ལས་བཞེངས་ཏེ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ལེགས་སོ་ཞེས་བྱ་བ་བྱིན་ནས་ལེགས་སོ། །ལེགས་སོ། །རིགས་ཀྱི་བུ་དེ་དེ་བཞིན་ནོ༑༑དེ་དེ་བཞིན་ཏེ། ཇི་ལྟར་ཁྱོད་ཀྱིས་བསྟན་པ་དེ་བཞིན་དུ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཟབ་མོ་ལ་སྤྱད་པར་བྱ་སྟེ། དེ་བཞིན་གཤེགས་པ་རྣམས་ཀྱང་རྗེས་སུ་ཡི་རང་ངོ་། །བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས་བཀའ་བསྩལ་ནས༑ ཚེ་དང་ལྡན་པ་ཤཱ་རིའི་དྭ་ཏིའི་བུ་དང་། བྱང་ཆུབ་སེམས་དཔའ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དག་དང་། །ལྷ་དང་། མི་དང་། ལྷ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།    །བཅོམ་ལྡན་འདས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་སྙིང་པོའི་མདོ་རྫོགས་སོ།། །།    

ཏདྱ་ཐཱ། ཨོཾ་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བྷོ་དྷི་སྭཱ་ཧཱ།  གང་མང་གསོག།  ན་མོ། བླ་མ་ལ་ཕྱག་འཚལ་ལོ། །སངས་རྒྱས་ལ་ཕྱག་འཚལ་ལོ། །ཆོས་ལ་ཕྱག་འཚལ་ལོ། །དགེ་འདུན་ལ་ཕྱག་འཚལ་ལོ། །ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་ཕྱག་འཚལ་ལོ། །བདག་གི་བདེན་པའི་ཚིག་རྣམས་འགྲུབ་པར་གྱུར་ཅིག ཇི་ལྟར་སྔོན་ལྷའི་དབང་པོ་བརྒྱ་བྱིན་གྱིས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིནཔའི་དོན་ཟབ་མོ་ཡིད་ལ་བསམས་ཤིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདུད་སྡིག་ཅན་ལ་སོགས་པ་མི་མཐུན་པའི་ཕྱོགས་ཐམས་ཅད་ཕྱིར་ཟློག་པ་དེ་བཞིན་དུ་བདག་གིས་ཀྱང་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དོན་ཟབ་མོ་ཡིད་ལ་བསམ་ཞིང་ཚིག་ཁ་ཏོན་དུ་བྱས་པ་ལ་བརྟེན་ནས། བདག་ཅག་དཔོན་སློབ་ཡན་ཆད་འཁོར་དང་བཅས་པ་རྣམས་ལ་སྔོན་གྱི་ལས་དང་འཕྲལ་གྱི་རྐྱེན་ལས་གྱུར་པའི་དགྲ་འདྲེ་ཆག་ཆེ་ཉམ་ང་བྱད་ཕུར་རྦོད་གཏོང་ནད་གདོན་བར་ཆད་རྨི་ལྟས་མཚན་མ་ངན་པ་སོགས་མདོར་ན་བཀྲ་མི་ཤིས་པའི་ཕྱོགས་རིས་ངན་པ་ཐམས་ཅད་འཕགས་པ་དཀོན་མཆོག་གསུམ་གྱི་བཀའ་ཡི་བདེན་པས་ད་ལྟ་ཉིད་དུ་ཕྱིར་ཟློག་པར་གྱུར་ཅིག ༑མེད་པར་གྱུར་ཅིག །ཞི་བར་གྱུར་ཅིག །རབ་ཏུ་ཞི་བར་གྱུར་ཅིག །   ན་གསུམ།   གང་གི་རྟེན་ཅིང་འབྲེལ་བ་འབྱུང་། །འགག་པ་མེད་པ་སྐྱེ་མེད་པ༑ ༑ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་ཅིང་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་སྟོན་པ། །རྫོགས་པའི་སངས་རྒྱས་སྨྲ་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ།།  །།

གདུགས་དཀར་བཟློག་པ།

བདེ་གཤེགས་གཙུག་གཏོར་ལྟར་མི་མངོན་པ་ལས། །ཉེར་འཁྲུངས་རྒྱལ་བ་ཀུན་ཡུམ་གདུགས་དཀར་མོ། །མཚན་ཙམ་ཐོས་པའི་རིག་སྔགས་མེ་ཡིས་ཀྱང་༑༑བདུད་སྡེ་སྲེག་བྱེད་བདེ་འབྱུང་ལྷག་པའི་ལྷ། །དཀར་གསལ་ལང་ཚོ་རབ་རྫོགས་ཟླ་གཞོན་གྱི། །སྙིང་པོ་ལས་གྲུབ་གཞན་གྱིས་མི་ཐུབ་པས༑༑མི་དང་མི་མིན་འབྱུང་ལས་བྱུང་བ་ཡི། །འགལ་རྐྱེན་ཀུན་ཞི་ལེགས་ཚོགས་མ་ལུས་སྩོལ། །ཁྱད་པར་ཕ་རོལ་མི་བསྲུན་བསམ་སྦྱོར་གྱིས། །སྒོ་གསུམ་མནན་དང་བྱད་སྟེམས་བཅིངས་ལ་སོགས། །ཉེར་འཚེས་མི་ཚུགས་ཕྱིར་བཟློག་འཕྲིན་ལས་ཀྱིས། །བདག་ཅག་རྣམ་པ་ཀུན་ཏུ་བསྲུང་དུ་གསོལ༑༑ཨོཾ་སརྦ་ཏ་ཐཱ་ག་ཏ་ཨུ་ཥྞི་ཥ་ཧཱུྃ་ཕཊ། ཧཱུྃ་མམ་ཧཱུྃ་ནི་སྭཱཧཱ། ཅེས་སྙིང་པོ་ཅི་གྲུབ་བཟླ།

བཅོམ་ལྡན་གདུགས་དཀར་ལྷ་ཚོགས་རྣམས། །མཐུ་སྟོབས་ཐོགས་པ་མི་མངའ་ཞིང་། །ཐུགས་རྗེའི་སྨོན་ལམ་མཐུ་བཙན་པས། །བདག་གིས་གསོལ་བ་བཏབ་པ་བཞིན། །སངས་རྒྱས་བསྟན་པ་དར་བ་དང་། །སེམས་ཅན་ཐམས་ཅད་བདེ་གྱུར་ཅིག །རྒྱུ་སྦྱོར་ཡོན་བདག་འཁོར་བཅས་ཀྱི། །ཆག་ཆེ་ཉམ་ང་ཟློག་ཏུ་གསོལ། །རྨི་ལམ་མཚན་མ་ངན་པ་ཟློག །རྟགས་དང་རྟེན་འབྲེལ་ངན་པ་ཟློག །དགྲ་འདྲེའི་བསམ་སྦྱོར་ངན་པ་ཟློག །ལྟས་ངན་བརྒྱད་ཅུ་རྩ་གཅིག་བཟློག །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་བཟློག །ནད་རིགས་བཞི་བརྒྱ་རྩ་བཞི་བཟློག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་བཟློག །དུས་མིན་འཆི་བ་རྣམ་བརྒྱད་བཟློག །ཡས་ཀྱི་བདུད་དུ་གཡོས་པ་བཟློག །མས་ཀྱི་སྲི་རུ་ལངས་པ་བཟློག །དཔྲལ་བའི་གཤེད་དུ་བརྐོས་པ་བཟློག །ཕ་མེས་དུར་སྲི་ལངས་པ་བཟློག །མི་ལ་ནད་དུ་གཏོང་བ་བཟློག །ཕྱུགས་ལ་གོད་ཁ་བྱེད་པ་བཟློག །གནམ་གྱི་དལ་ཁ་ཐེབས་པ་བཟློག །ས་ཡི་དུག་མདའ་གཡོས་པ་བཟློག ༑སྨེ་བ་སྤར་ཁ་ངན་པ་བཟློག །སྐེག་དང་ཕུང་སྲི་ལངས་པ་ཟློག །མི་མཐུན་ཕྱོགས་ཀུན་བཟློག་གྱུར་ཅིག །   ལན་གསུམ།   ༈ །བདེ་གཤེགས་ཐུགས་རྗེའི་གཙུག་ཏོར་ལས་འཁྲུངས་ཤིང་། །བདེ་འབྱུང་རྟེན་ལ་གནོད་བྱེད་ཚར་བཅད་ནས༑ ༑བདེ་ལེགས་འབྲས་བུ་ཉེ་བར་སྩོལ་མཛད་པའི་། །བདེ་མཆོག་གདུགས་དཀར་ཅན་གྱིས་བཀྲ་ཤིས་ཤོག །

སེང་གདོང་མའི་ཐལ་རྡེབ་རྒྱུན་ཁྱེར་ནི།

སྐད་ཅིག་རང་ཉིད་མཁའ་འགྲོ་མ། །སེངྒེའི་གདོང་ཅན་སྐུར་གསལ་བའི༑ ༑ཐུགས་ཀའི་སྔགས་ཀྱི་འཕྲོ་འདུ་ཡིས། །གནོད་བྱེད་མ་ལུས་ཚར་གཅད་འགྱུར། །ཨ་ཀ་ས་མ་ར་ཙ་ཤ་ད་ར་ས་མ་ར་ཡ་ཕཊཿ  ཅི་ནུས་བཟླས་མཐར། ན་མོ། རྩ་རྒྱུད་བླ་མ་ཡི་དམ་ལྷ། །མཁའ་འགྲོ་བདུད་འདུལ་དྲག་མོ་ཡིས༑ ༑བདེན་པ་ཆེན་པོས་བྱིན་རླབས་ཀྱིས། །བྱད་ཁ་ཕུར་ཁ་རྦོད་གཏོང་སོགས༑ ༑མི་མཐུན་ཆག་ཆེ་ཉམ་ང་ཀུན། །སྡང་བར་བྱེད་པའི་དགྲ་ལ་བྷྱོ༑ ༑གནོད་པར་བྱེད་པའི་བགེགས་ལ་བྷྱོ། །བདུད་དགྲ་བྱད་མའི་སྟེང་དུ་བྷྱོ༑ ༑རྗེས་ཤུལ་མེད་པར་ཟློག་གྱུར་ཅིག ། ལན་གསུམ།  ཅེས་ཐལ་རྡེབ་བྱ།

ཁྲོ་མོའི་རིག་སྔགས་ནུས་པའི་མཐུས། །བྱང་ཆུབ་སྒྲུབ་པའི་བར་ཆད་བདུད༑ ༑གནོད་བྱེད་མ་ལུས་ཚར་བཅད་ནས། །བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པར་བསྒྲུབ་ཅིང་ཕུན་སུམ་ཚོགས་པ་སྟེ། །བཀྲ་ཤིས་འདིས་ཀྱང་དེང་འདིར་བདེ་ལེགས་ཤོག །

ཚེ་སྒྲུབ་ནི།

༈ །འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས༑ ༑སངས་རྒྱས་ཚེ་དཔག་མེད་ལ་ཕྱག་འཚལ་ལོ། །ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་པ་རི་མི་ཏ་ཨཱ་ཡུརྫྙ་ན་སུ་བི་ནིཤྩི་ཏ་ཏེ་ཛོ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་པུཎྱེ་པུཎྱེ་མ་ཧཱ་པུ་ཎྱེ། ཨ་པ་ར་མི་ཏ་པུཎྱེ་ཨ་པ་ར་མི་ཏ་པུཎྱེ་ཛྙ་ན་སཾ་བྷཱ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུདྡྷ་དྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷ་ཝ་བི་ཤུདྡྷེ་མ་ཧཱ་ན་ཡ་པ་རི་ཝཱ་རེ་སྭཱཧཱ། །    ཚེ་བསྙེན་ནི།   ཨོཾ་ཨ་མཱ་ར་ནི་ཛཱི་ཝནྟི་ཡེ་སྭཱ་ཧཱ།  ཅི་མང་བཟླས་མཐར     དགེ་བ་འདི་ཡིས་མྱུར་དུ་བདག །ཚེ་དཔག་མེད་མགོན་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཁྱོད་ལ་བསྟོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ༑ ༑ནད་གདོན་དབུལ་ཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །དུས་མིན་འཆི་བའི་མཚན་མ་མཐོང་བ་དང་༑ ༑དེ་ཡི་མོད་ལ་ཚེ་དཔག་མེད་མགོན་སྐུ། །གསལ་བར་མཐོང་ནས་འཆི་བདག་དཔའ་བཅོམ་སྟེ། །འཆི་མེད་རིག་འཛིན་མྱུར་དུ་འགྲུབ་པར་ཤོག ༑ཚེ་ལོ་བརྒྱ་ཐུབ་ཅིང་སྟོན་བརྒྱ་མཐོང་བ་དང་། །ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས། །ཐེག་པ་མཆོག་ལ་ངེས་པར་འབྱུང་བ་སྟེ། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས། །

སྨོན་ལམ་རྡོ་རྗེའི་རྒྱ་མདུད་བཞུགས་སོ།།

བླ་མ་ཡི་དམ་ལྷ་ཚོགས་དགོངས་སུ་གསོལ། །དེང་འདིར་བརྩོན་པས་སྒྲུབ་པའི་དགེ་བ་དང། །དུས་གསུམ་བསགས་དང་ཡོད་པའི་དགེ་བ་རྣམས༑ ༑བསྡོམས་ཏེ་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་དང་༑ ༑སྙིང་རྗེ་ཆེ་ཞིང་བླ་མ་ལ་གུས་ལྡན། །དཔལ་ལྡན་རྡོ་རྗེའི་ཐེག་ལ་ངེས་གནས་ཤོག །དབང་གིས་སྨིན་ཅིང་དམ་ཚིག་སྡོམ་པར་ལྡན། །རིམ་གཉིས་ལམ་ལ་བསྙེན་སྒྲུབ་མཐར་ཕྱིན་ཏེ། །དཀའ་བ་མེད་པའི་རིག་འཛིན་གོ་འཕང་བགྲོད༑ ༑དངོས་གྲུབ་རྣམ་གཉིས་བདེ་བླག་འགྲུབ་གྱུར་ཅིག །ཅིར་སྣང་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས། །གྲགས་པ་ཐམས་ཅད་བརྗོད་བྲལ་སྔགས་ཀྱི་སྒྲ། །སེམས་ཀྱི་འགྱུ་བ་རང་རིག་འདུས་མ་བྱས། །བདེ་ཆེན་འདུ་འབྲལ་མེད་པར་མངོན་གྱུར་ཤོག །ཉམས་ཆག་རྟོག་སྒྲིབ་མ་སྤངས་གནས་སུ་དག ༑ཕྱི་ནང་གསང་བ་དབྱེར་མེད་རྟོགས་པས་བསྐངས། །གང་ཤར་རང་གྲོལ་ཀུན་བཟང་ཀློང་ཡངས་སུ། །ངན་སོང་དོང་སྤྲུགས་སྲིད་ཞི་མཉམ་གྱུར་ཅིག ༑ཐིག་ལེ་ཆེན་པོ་སྐུ་དང་ཞིང་ཁམས་རྫོགས། །དམ་ཚིག་ཆེན་པོ་སྤང་བླང་མཚན་མ་དག །ཁྱབ་བརྡལ་ཆེན་པོ་རེ་དོགས་མདུད་པ་གྲོལ། །རྫོགས་པ་ཆེན་པོའི་ཆོས་སྐུ་མངོན་གྱུར་ཤོག །བརྒྱུད་པ་གསུམ་གྱི་བྱིན་རླབས་སྙིང་ལ་ཞུགས། །སྒྱུ་འཕྲུལ་དྲྭ་བའི་ལམ་གསང་སེམས་ལ་རྫོགས། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །མུ་མཐའ་མེད་པའི་འགྲོ་བ་སྒྲོལ་བར་ཤོག ༑ཞི་ཁྲོ་སྤྲུལ་པའི་འཁོར་ལོས་ལུང་སྟོན་ཞིང་། །མཁའ་འགྲོ་རྣམས་ཀྱིས་བུ་བཞིན་སྐྱོང་བ་དང་། །ཆོས་སྐྱོང་སྲུང་མས་བར་ཆད་ཀུན་བསལ་ནས༑ ༑ཡིད་ལ་སྨོན་པ་མཐའ་དག་འགྲུབ་གྱུར་ཅིག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་རྣམས་ཀྱི་བཞེད་པའི་དོན་ཀུན་འགྲུབ༑ ༑མ་ལུས་སྐྱེ་རྒུའི་འགལ་རྐྱེན་ཀུན་ཞི་ཞིང་། །ཕུན་ཚོགས་མཐའ་དག་ཡིད་བཞིན་འབྱོར་གྱུར་ཅིག །

༈ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོན་ལམ་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ལས་དང་གློ་བུར་་རྐྱེན་ལས་གྱུར་པ་ཡི། །གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས། །སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན༑ ༑འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །ཇི་ལྟར་གཤེད་མས་ཁྲིད་པའི་གསད་བྱ་བཞིན། །སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི༑ ༑སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །འཆི་བདག་གཤིན་རྗེའི་ཁ་ནང་ཚུད་པ་ལྟར། །ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི། །ཉིན་གཅིག་པ་དང་རྟག་པའི་རིམ་སོགས་ཀྱིས། །ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །བློ་བུར་ཡེ་འདྲོགས་སུམ་བརྒྱ་དྲུག་ཅུ་དང་། །བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡི། །ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །   འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ། །མ་ལུས་ཞི་ཞིང་མདངས་སྟོབས་ལྡན་གྱུར་ནས། །ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །མཁའ་འགྲོ་ཆོས་སྐྱོང་སྲུང་མའི་མཐུ་སྟོབས་དང་། །ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །སྨོན་ལམ་ཇི་ལྟར་བཏབ་པ་འགྲུབ་གྱུར་ཅིག །

འབྲུག་ཡུལ་བདེ་བའི་སྨོན་ལམ་དོན་གཉིས་བསམ་པ་མྱུར་འགྲུབ་མ་བཞུགས།

དཀོན་མཆོག་རྩ་གསུམ་སྐྱབས་ཀུན་འདུས་པའི་སྐུ། །སྣང་སྲིད་ཟིལ་གནོན་ཨྱོན་རིན་པོ་ཆེ། །གསོལ་འདེབས་བུ་ལུ་ཐུགས་རྗེས་བརྩེར་དགོངས་ནས། །   བསམ་དོན་མྱུར་དུ་འགྲུབ་པར་བྱིན་གྱིས་རློབས། །སྙིགས་དུས་རང་རྟགས་མི་ཐུབ་ལྔ་བདོ་ཞིང་། །མི་རྣམས་ཤེས་རྒྱུད་བསམ་སྦྱོར་ལོག་པའི་མཐུས། །   བསོད་ནམས་སྟོབས་ཟད་ལས་ངན་མཚོ་ཆེན་བརྡོལ། །སྡུག་བསྔལ་ཉམ་ཐག་འདི་ལས་ད་སྐྱོབས་ཤིག །ལྷོ་ལྗོངས་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ༑ ༑བཙའ་སད་ཐོག་སོར་ཤྭ་འུད་ཆུ་ལོག་དང་། །ཡ་གཡོས་རི་ཉིལ་རླུང་ཐན་མེ་དགྲ་སོགས། །སྣོད་ཀྱི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས། །མི་ཕྱུགས་ནད་ཡམས་འགོ་བའི་ནད་ཀྱི་རིགས། །ཟ་འདྲེ་ཤི་གཤེད་གསོན་འདྲེ་འབྱུང་པོས་འཚེ། །དུས་མིན་འཆི་རྐྱེན་གློ་བུར་ཐན་ལྟས་སོགས༑ ༑བཅུད་ཀྱི་ཉེས་ཚོགས་ཞི་བར་བྱིན་གྱིས་རློབས། །ཆར་ཆུ་དུས་འབེབས་ལོ་ཕྱུགས་རྟག་ཏུ་ལེགས། །ཚེ་རིང་ནད་མེད་འབྲུ་ནོར་ལོངས་སྤྱོད་འཕེལ༑ ༑དབུལ་ཕོངས་འཐབ་རྩོད་མིང་ཡང་མི་གྲགས་པར། །བདེ་སྐྱིད་དཔལ་གྱིས་འཚོ་བར་བྱིན་གྱིས་རློབས། །ཁྱད་པར་དུས་ངན་ཡོ་ལང་རྩུབ་འགྱུར་འཕྲུལ། །རྒྱ་འདྲེ་དམ་སྲི་འགོང་པོའི་གནོད་གདུག་དབལ། །མཐའ་དམག་ཀླ་ཀློའི་རྒོལ་ངན་   འཁྲུགས་རྩོད་དཔུང་། །ཕྱིར་བཟློག་རྩད་ནས་ཆོད་པར་བྱིན་གྱིས་རློབས། །   མི་དང་མི་མིན་ལྷ་འདྲེ་སུ་ཡང་རུང་། །ནག་ཕྱོགས་དཔུང་ཉམས་དཀར་ཕྱོགས་དབུ་འཕང་མཐོ། །ཆོས་ལྡན་རྒྱལ་སྲིད་མངའ་ཐང་མཐའ་ནས་རྒྱས། །   ཕྱོགས་ལས་རྣམ་པར་རྒྱལ་བར་བྱིན་གྱིས་རློབས། །རྒྱལ་བསྟན་མདོ་སྔགས་ཆོས་ཚུལ་ཡིད་བཞིན་ནོར། །བཤད་སྒྲུབ་རྒྱལ་མཚན་རྩེ་མོར་རྟག་འགོད་པའི༑ ༑བསྟན་འཛིན་ཚོགས་རྣམས་དབྱར་མཚོ་ལྟར་འཕེལ་བས། །ཕན་བདེའི་འདོད་རྒུ་འཇོ་བར་བྱིན་གྱིས་རློབས། །མདོར་ན་བདག་སོགས་ཁྱོད་ཀྱི་གདུལ་བྱ་རྣམས། །ལས་རྐྱེན་ངན་པའི་དབང་དུ་མི་བཏང་བར། །ནམ་ཡང་བསམ་པ་ལྷུན་གྲུབ་བཀྲ་ཤིས་སྩོལ། །

༈ །ཨེ་མ་ཧོ༔ ངོ་མཚར་སངས་རྒྱས་སྣང་བ་མཐའ་ཡས་དང༔ གཡས་སུ་ཇོ་བོ་ཐུགས་རྗེ་ཆེན་པོ་དང༔ གཡོན་དུ་སེམས་དཔའ་མཐུ་ཆེན་ཐོབ་རྣམས་ལ༔ སངས་རྒྱས་བྱང་སེམས་དཔག་མེད་འཁོར་གྱིས་བསྐོར༔ བདེ་སྐྱིད་ངོ་མཚར་དཔག་ཏུ་མེད་པ་ཡི༔ བདེ་བ་ཅན་ཞེས་བྱ་བའི་ཞིང་ཁམས་དེར༔ བདག་གཞན་འདི་ནས་ཚེ་འཕོས་གྱུར་མ་ཐག༔ སྐྱེ་བ་གཞན་གྱིས་བར་མ་ཆོད་པ་རུ༔ དེ་རུ་སྐྱེས་ནས་སྣང་མཐའི་ཞལ་མཐོང་ཤོག༔ དེ་སྐད་བདག་གིས་སྨོན་ལམ་བཏབ་པ་འདི༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས༔ བགེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱཐཱ༔ པཉྩ་གྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ༔

 བགེགས་མེད་འགྲུབ་པར་བྱིན་གྱིས་བརླབ་ཏུ་གསོལ༔ ཏདྱཐཱ༔ པཉྩ་གྲི་ཡ་ཨ་ཝ་བོ་དྷ་ནཱ་ཡ་སྭཱ་ཧཱ༔   སྨོན་ལམ་འདི་གནམ་ཆོས་བདེ་ཆེན་ཞིང་སྒྲུབ་ནས་ཁོལ་དུ་ཕྱུངས་པའོ། །

༈ །ཕྱོགས་དུས་རྒྱལ་བ་སྲས་བཅས་དགོངས༔ ཚོགས་གཉིས་རྫོགས་ལ་རྗེས་ཡི་རང་༔ བདག་གིས་དུས་གསུམ་དགེ་བསགས་པ༔ དཀོན་མཆོག་གསུམ་ལ་མཆོད་པ་འབུལ༔ རྒྱལ་བའི་བསྟན་པ་འཕེལ་གྱུར་ཅིག༔ དགེ་བ་སེམས་ཅན་ཀུན་ལ་བསྔོ༔ འགྲོ་ཀུན་སངས་རྒྱས་ཐོབ་གྱུར་ཅིག༔ དགེ་རྩ་ཐམས་ཅད་གཅིག་བསྡུས་ཏེ༔ བདག་གི་རྒྱུད་ལ་སྨིན་གྱུར་ཅིག༔ སྒྲིབ་གཉིས་དག་ནས་ཚོགས་རྫོགས་ཞིང་༔ ཚེ་རིང་ནད་མེད་ཉམས་རྟོགས་འཕེལ༔ ཚེ་འདིར་ས་བཅུ་ནོན་གྱུར་ཅིག༔ ནམ་ཞིག་ཚེ་འཕོས་གྱུར་མ་ཐག༔ བདེ་བ་ཅན་དུ་སྐྱེ་གྱུར་ཅིག༔ སྐྱེས་ནས་པདྨའི་ཁ་ཕྱེ་སྟེ༔ ལུས་རྟེན་དེ་ལ་སངས་རྒྱས་ཤོག༔ བྱང་ཆུབ་ཐོབ་ནས་ཇི་སྲིད་དུ༔ སྤྲུལ་པས་འགྲོ་བ་འདྲེན་པར་ཤོག༔  ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཅེས་པ་འདིན་ནི་སྤྲུལ་སྐུ་མི་འགྱུར་རྡོ་རྗེའི་གཏེར་མའོ། ། 

ནམ་མཁའི་མཐར་ཐུག་མཐའ་ཡས་སེམས་ཅན་རྣམས། །མ་འབད་བཞིན་དུ་སྐུ་གསུམ་མངོན་གྱ྄ར་ཏེ། །ཕ་མ་འགྲོ་དྲུག་སེམས་ཅན་མ་ལུས་པ། །ཕྱམ་གཅིག་གདོད་མའི་ས་ལ་ཕྱིན་པར་ཤོག །

༈ གང་དུ་སྐྱེས་པའི་སྐྱེ་བ་ཐམས་ཅད་དུ། །མཐོ་རིས་ཡོན་ཏན་བདུན་ལྡན་ཐོབ་པར་ཤོག །སྐྱེས་མ་ཐག་ཏུ་ཆོས་དང་འཕྲད་གྱུར་ནས། །ཚུལ་བཞིན་བསྒྲུབ་པའི་རང་དབང་ཡོད་པར་ཤོག །དེར་ཡང་བླ་མ་དམ་པ་མཉེས་བྱས་ནས༑ ༑ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག །ཆོས་ཐོབ་ནས་ནི་སྙིང་པོའི་དོན་བསྒྲུབས་ཏེ། །ཚེ་དེས་སྲིད་པའི་རྒྱ་མཚོ་བརྒལ་བར་ཤོག །སྲིད་པར་དམ་པའི་ཆོས་རབ་སྟོན་བྱེད་ཅིང་། །གཞན་ཕན་སྒྲུབ་ལ་སྐྱོ་ངལ་མེད་པར་ཤོག །རླབས་ཆེན་གཞན་དོན་ཕྱོགས་རིས་མེད་པ་ཡིས། །ཐམས་ཅད་ཕྱམ་གཅིག་སངས་རྒྱས་ཐོབ་པར་ཤོག ། ༈ །བླ་མེད་བླ་མའི་ཐུགས་རྗེ་དང་༑ ༑རྒྱལ་དང་རྒྱལ་སྲས་རང་རྒྱལ་དང་། །དགྲ་བཅོམ་བདེན་པའི་བྱིན་རླབས་ཀྱིས། །སྨོན་ལམ་རྣམ་དག་འགྲུབ་པར་ཤོག །བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ༑ ༑སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་ཡི། །སྲིད་པའི་མཚོ་ལས་འགྲོ་རྣམས་སྒྲོལ་བར་ཤོག །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་༑ ༑ཀུན་ཀུ་བཟང་པོས་དེ་ཡང་དེ་བཞིན་ཏེ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེས། །བདག་གི་དགེ་བའི་རྩ་བ་འདི་ཀུན་ཀྱང་། །བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །སྨོན་ལམ་རྒྱལ་པོ་འདི་དག་མཆོག་གི་གཙོ། །མཐའ་ཡས་འགྲོ་བ་ཀུན་ལ་ཕན་བྱེད་ཅིང་༑ ༑ཀུན་ཏུ་བཟང་པོས་བརྒྱན་པའི་གཞུང་གྲུབ་སྟེ། །ངན་སོང་གནས་རྣམས་མ་ལུས་སྟོངས་པར་ཤོག ༑འགྲོ་ཀུན་དགེ་རྩ་ཇི་སྙེད་ཡོད་པ་དང་། །བྱས་དང་བྱེད་འགྱུར་ཇི་བཞིན་སྤྱད་པ་དང་༑ ༑བཟང་པོ་སྤྱོད་ཕྱིར་དེ་འདྲའི་ས་དག་ལ། །ཀུན་ནས་ཀུན་ཀྱང་བཟང་པོ་རེག་གྱུར་ཅིག །དབུ་མའི་སྨོན་ལམ་བསྡུས་པ་ནི། ནམ་ཞིག་དཔལ་གྱི་རི་ལ་ཀླུ་སྒྲུབ་རྗེས། །སྐལ་ལྡན་འདུས་པའི་ཚོགས་ཀྱིས་ཡོངས་བསྐོར་ནས༑ ༑མཐའ་བྲལ་དབུ་མའི་ལམ་བཟང་འཆད་པ་ན། །བདག་ཀྱང་འཁོར་གྱི་ཐོག་མར་སྐྱེ་བར་ཤོག །དེ་ཚེ་ཤེས་བྱའི་ཆོས་ཉིད་ནམ་མཁའི་མཐའ༑ ༑གཞལ་བའི་རྣམ་དཔྱོད་མཚུངས་པ་མེད་པ་ཡིས། །ཆོས་ལྟར་བཅོས་པ་ཐམས་ཅད་སུན་ཕྱུང་ནས། །འཕགས་པའི་དགོངས་པ་འཁྲུལ་མེད་རྟོགས་པར་ཤོག   ཅེས་པའང་གཞན་ཕན་སྣང་བས་སོ། །

བཀྲ་ཤིས་ནི།

འཇིག་རྟེན་འདྲེན་པའི་གཙོ་བོ་ཚེ་དཔག་མེད། །དུས་མིན་འཆི་བ་མ་ལུས་འཇོམས་པའི་དཔལ། །མགོན་མེད་སྡུག་བསྔལ་གྱུར་པ་རྣམས་ཀྱི་སྐྱབས༑ ༑སངས་རྒྱས་ཚེ་དཔག་མེད་ཀྱི་བཀྲ་ཤིས་ཤོག །རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། །པདྨ་འབྱུང་གནས་སྐུ་ལ་འདས་གྲོངས་མེད། །ད་ལྟ་ལྷོ་ནུབ་སྲིན་པོའི་ཁ་གནོད་མཛད། །ཨོ་རྒྱན་རིན་པོ་ཆེ་ཡི་བཀྲ་ཤིས་ཤོག །རྡོ་རྗེ་འཆང་ཆེན་ཏིལླི་ནཱ་རོ་དང་། །མར་པ་མི་ལ་སྒམ་པོ་མཐའ་རྩ་པ། །སྣ་ཕུག་པ་དང་དཔལ་ལྡན་འབྲུག་པ་སོགས། །བཀའ་བརྒྱུད་བླ་མ་རྣམས་ཀྱི་བཀྲ་ཤིས་ཤོག །ཆོས་སྐུ་གཟུང་འཛིན་བྲལ་བའི་ངང་ཉིད་ལས། །ལོངས་སྤྱོད་རྫོགས་སྐུ་འཇའ་ཚོན་ལྟ་བུ་ལ། །མཚན་དང་དཔེ་བྱད་ཕྱག་རྒྱ་ལྔ་ཡིས་བརྒྱན༑ ༑ཡི་དམ་ལྷ་ཚོགས་རྣམས་ཀྱི་བཀྲ་ཤིས་ཤོག །ཡུལ་ཉི་ཤུ་རྩ་བཞིའི་མཁའ་འགྲོ་དང་། །ཁྱད་པར་ཨོ་རྒྱན་དབེན་གནས་སུ། །དམ་ཚིག་ཅན་རྣམས་བསྲུང་མཛད་པའི། །མཁའ་འགྲོ་མ་རྣམས་ཀྱི་བཀྲ་ཤིས་ཤོག །བཅོམ་ལྡན་འདས་ཀྱི་སྤྱན་སྔ་རུ། །སྒྲུབ་པ་མཛད་པའི་གང་ཟག་ལ། །བུ་བཞིན་སྐྱོང་བར་ཞལ་བཞེས་པའི། །ཆོས་སྐྱོང་སྲུང་མ་རྣམས་ཀྱི་བཀྲ་ཤིས་ཤོག །འབད་དང་རྩོལ་བ་མི་དགོས་པར། །ཡིད་བཞིན་ནོར་བུ་དཔག་བསམ་ཤིང་༑ ༑སེམས་ཅན་རེ་བ་སྐོང་མཛད་པ། །བསམ་པ་འགྲུབ་པའི་བཀྲ་ཤིས་ཤོག ༑མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །ཐ་དད་འབྲལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་དགུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག  །བསྟན་པའི་དཔལ་གྱུར་བླ་མའི་ཞབས་པད་བརྟན། །བསྟན་འཛིན་སྐྱེས་བུས་ས་སྟེང་ཡོངས་ལ་ཁྱབ། །བསྟན་པའི་སྦྱིན་བདག་མངའ་ཐང་འབྱོར་པ་རྒྱས། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག ། 

ཨོཾ་ཨཱ་ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔    བཛྲ་གུ་རུའི་ཟབ་གདངས་བཅས་བྱ།

དཔལ་ལྡན་བླ་མའི་སྐུ་ཚེ་བརྟན་པ་དང་། །མཁའ་མཉམ་ཡོངས་ལ་བདེ་སྐྱིད་འབྱུང་བ་དང་། །བདག་གཞན་མ་ལུས་ཚོགས་བསགས་སྒྲིབ་སྦྱངས་ནས། །    མྱུར་དུ་སངས་རྒྱས་ས་ལ་འགོད་པར་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག ༑སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་འཐོབ་ཤོག །   ཅེས་ཀུན་མཁྱེན་ཀློང་ཆེན་པའི་གསུང་ངོ་   ། །

བྱང་ཆུབ་སེམས་མཆོག་རིན་པོ་ཆེ། །མ་སྐྱེས་པ་རྣམས་སྐྱེ་གྱུར་ཅིག།   སྐྱེས་པ་ཉམས་པ་མེད་པ་ཡང་། །གོང་ནས་གོང་དུ་འཕེལ་བར་ཤོག །

དགེའོ།།      །།དགེའོ།།     སརྦ་མངྒ་ལཾ།།          །།